འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་
    ཆབ་སྲིད་གྲོས་ཆོད།

    (2017ལོའི་ཟླ་1ཚེས་14ཉིན་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་དེ་2017ལོའི་ཟླ་1ཚེས་9ནས་ཚེས་14ཉིན་བར་ལྷ་སར་སྐོང་ཚོགས་བྱས་པ་རེད།
             ཚོགས་འདུའི་རིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝུའུ་དབྱིང་ཅེ་དང་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགོ་ཁྲིད་ཚོགས་འདུར་ཕེབས་པ་དང་འབྲེལ་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་ནས་ཨུ་ཡོན་དང་ལྷན་དུ་བརྟན་ལྷིང་འཕེལ་རྒྱས་ཀྱི་ཇུས་ཆེན་གོ་བསྡུར་གནང་ཡོད། ཚོགས་འདུའི་ཐོག ཀྲུའུ་ཞི་སྐུ་གཞོན་ཀའོ་ཡང་གིས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་ལས་དོན་སྙན་སྒྲོན་དང་། ཀྲུའུ་ཞི་སྐུ་གཞོན་པད་མ་རྣམ་རྒྱལ་གྱིས་གནང་བའི་གྲོས་གཞིའི་ལས་དོན་སྤེལ་ཚུལ་གྱི་སྙན་སྒྲོན་གསན་པ་དང་སྦྲགས་གྲོས་ཞིབ་ཀྱིས་ཆོག་མཆན་གནང་བ་དང་། སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་དང་གྲོས་འཆམ་གནང་བ། བློ་མཐུན་བསྟན་ཁོ་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སྐུ་གཞོན་ལ་གསབ་འདེམས་བྱས་ཡོད། ཚོགས་ཞུགས་ཨུ་ཡོན་རྣམས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པར་ཟུར་ཞུགས་གནང་ནས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གནང་བའི་སྲིད་གཞུང་ལས་དོན་སྙན་སྒྲོན་གསན་ཞིང་གྲོས་བསྡུར་གནང་བ་དང་འབྲེལ་སྙན་སྒྲོན་ལ་མོས་མཐུན་བྱུང་བ་དང་། འཆར་གཞི་དང་སྔོན་རྩིས་སྙན་ཞུ་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ། ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་ལ་གྲོས་མོལ་གོ་བསྡུར་གནང་བ་དང་སྦྲགས་གོང་གསལ་སྙན་ཞུ་ཁག་ལ་མོས་མཐུན་བྱུང་ཡོད། ཚོགས་འདུ་གཟབ་ཅིང་རྒྱས་པ་དང་། ཕུན་ཚོགས་ལེགས་གྲུབ་བྱུང་ནས་དམངས་གཙོ་མཐུན་སྒྲིལ་དང་། དམ་པ་དོན་གཉེར། མི་སེམས་གཅིག་སྒྲིལ། གསར་གཏོད་འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་འཚོགས་ཐུབ་ཡོད།
             ཚོགས་འདུའི་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་“སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་དངོས་སུ་བཏོན་གནང་ཡོད། དེ་ནི་ཏང་གི་གདམ་ག་ཞིག་དང་། དམག་གི་གདམ་ག མི་དམངས་ཀྱི་གདམ་ག ལོ་རྒྱུས་ཀྱི་གདམ་ག་བཅས་ཡིན་པ་དང་ཏང་སེམས་ཀྱི་བློ་ཁ་ཕྱོགས་ས་དང་དམག་སེམས་ཀྱི་བློ་ཁ་ཕྱོགས་ས། དམངས་སེམས་ཀྱི་བློ་ཁ་ཕྱོགས་ས་བཅས་རེད་ལ། ཏང་དང་མི་དམངས་ཀྱི་རྩ་བའི་ཁེ་དབང་གནས་ས་ཡིན་པས། ཏང་ཡོངས་ཀྱི་ཐུན་མོང་གི་འདོད་མོས་དང་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རླབས་ཆེན་གྱི་དམག་འཐབ་གསར་པའི་ལག་ལེན་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་ཆགས་ཟིན་ནས། རྒྱལ་ཡོངས་མི་རིགས་ཁག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་གུས་བཀུར་ཐོབ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས“འདུ་ཤེས་བཞི”བརྟན་པོར་བཅངས་དགོས་པ་དང་། ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་བརྟན་པོར་བཅངས་ཏེ། བསམ་བློའི་ཐོག་ནས་སྲོག་ཤིང་ལ་གོང་བཀུར་རྣམ་དག་ཞུ་དགོས་པ་དང་། ཆབ་སྲིད་ཐོག་ནས་སྲོག་ཤིང་ལ་ཡིད་ཆེས་བརྟན་པོ་བྱ་དགོས་པ། རྩ་འཛུགས་ཐོག་ནས་སྲོག་ཤིང་ལ་བློ་དཀར་སེམས་དཀར་བྱ་དགོས་པ། བྱ་སྤྱོད་ཐོག་ནས་སྲོག་ཤིང་ལ་སྲུང་སྐྱོང་ལྷད་མེད་ཞུ་བ་བཅས་ཀྱི་སྒོ་ནས། བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིངགནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས་པ་དང་། བོད་ལྗོངས་འདི་ཉིད་པེ་ཅིང་དང་ས་ཐག་རིང་རུང་། ང་ཚོའི་སེམས་པ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་སེམས་པ་གཅིག་སྒྲིལ་གཅིག་མཐུན་བྱས་ཁར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། བསམ་བློ་དང་བྱ་སྤྱོད་བཅས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུངས་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་གནང་བའི་དམིགས་ཚད་ལས་འགན་ཁག་མངོན་གྱུར་ཐད་དུ་གཅིག་སྒྲིལ་བྱ་དགོས་པའི་ངོས་འཛིན་གནང་ཡོད།
             ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སྐོང་འཚོགས་བྱས་པའི་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་རེད། ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་ཀྲུང་དབྱང་གི་གལ་ཆེའི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཤིང་། འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་གསར་པ་དང་ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ལ་འཕྲད་པའི་གནད་དོན་ལ་དབྱེ་ཞིབ་དང་། བོད་ཀྱི་ལས་དོན་ཡག་པོ་སྤེལ་བར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་ཆེའི་ཉམས་མྱོང་བཙོ་སྦྱངས་བྱས་ཤིང་། མ་འོངས་ལོ་ལྔའི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ལ་སྐུལ་མ་ངེས་ཅན་ཐེབས་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་ངེས་པའི་ངོས་འཛིན་གནང་ཡོད། ཨུ་ཡོན་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་དང་ཐུགས་ཁུར་ཟབ་བཞེས། བློ་མཐུན་ཝུའུ་དབྱིང་ཅེ་ཡིས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་ཐད་ཀའི་འགོ་ཁྲིད་དང་འགན་འཁུར་ལས་སྒྲུབ། དེ་བཞིན་རྒྱལ་ཡོངས་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་ཐུགས་ཁུར་དང་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་དང་ལྗོངས་ཡོངས་ཀྱི་ཏང་སྲིད་རྩ་འཛུགས་དང་། སྤྱི་ཚོགས་ཚན་པ་དང་དེ་བཞིན་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འབུངས་དང་ཐུན་མོང་འབད་འཐབ་བཅས་ལ་བརྟེན་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་བཏོན་གནང་བའི་འཐབ་ཇུས་བཀོད་ཁྱབ་དང“ལོ་ལྔ་ཚན་བཅུ་གསུམ་པའི”བརྗིད་ཆེའི་དམིགས་ཚད་མངོན་གྱུར་ཡོང་ངེས་པར་ཡིད་ཆེས་ཀྱིས་ཁེངས་པའི་ངོས་འཛིན་གནང་ཡོད།
             ཚོགས་འདུའི་ཐོག 2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་བའི་འགོ་འཛུགས་ལོ་ཞིག་དང་། བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཆེན་མོ་འབྱུང་བའི་ལོ་ཞིག་རེད། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་གྱིས་བྱ་བ་སྒྲུབ་པ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་དང་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས། དམངས་གཙོ་ཁྲིམས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་སྤེལ། འཐབ་ཕྱོགས་གཅིག་གྱུར་གྱི་འཕེལ་རྒྱས་རྒྱ་སྐྱེད། རིག་གནས་དྲིལ་བསྒྲགས་ལ་ཕན་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ། འབྱུང་ཁམས་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས། སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཁྱོན་ཡོངས་ནས་ཡར་རྒྱས། མི་རིགས་མཐུན་སྒྲིལ་རྒྱུན་མཐུད་ངང་སྲ་བརྟན་བྱུང་བ། ཆོས་ལུགས་ཞི་མཐུན་མཉམ་གནས་བྱུང་བ། སྒྱུར་བཅོས་སྒོ་དབྱེ་རིམ་བཞིན་གཏིང་ཟབ་བྱུང་བ། བོད་སྐྱོར་ལས་ཀའི་ཤུགས་ཚད་ཇེ་ཆེར་སོང་བ། ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་ལས། བོད་ཀྱི་བརྟན་ལྷིང་འཕེལ་རྒྱས་ཐད་ད་ལྟ་ལོ་རྒྱུས་ཐོག་དུས་སྐབས་ཡག་ཤོས་བཅས་ཡིན་པའི་ངོས་འཛིན་གནང་ཡོད། ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག ལྗོངས་སྲིད་གྲོས་ཀྱིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཐོག མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་རྒྱུན་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་དགོངས་གཞི་གསར་པ། འཐབ་ཇུས་གསར་པ་དག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་དགོངས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཁར། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་བོད་ལྗོངས་སྲིད་གྲོས་ལ་བཏོན་གནང་བའི“མཐུན་རྐྱེན་གཅིག་དང་། ཐུན་མོང་གཉིས། དེ་བས་ལེཊ་པ་གསུམ”གྱི་མཛུབ་ཁྲིད་བླང་བྱ་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྩ་དོན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། ཏང་གི་བོད་སྐྱོང་འཐབ་ཇུས་སོགས་རྒྱུན་འཁྱོངས་དང་ཁྲིམས་ལྟར་བོད་སྐྱོང་དང་དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་ཀར་བཏོན་པའི་བཀོད་སྒྲིག་བླང་བྱར་གཞིགས་ཏེ་འགན་ནུས་སྒྲུབ་པ་དང་། ནུས་པ་འདོན་སྤེལ་བྱས་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་བ་དང་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་དགོས་པའི་ངོས་འཛིན་གནང་ཡོད།
             ཚོགས་འདུའི་ཐོག ངེས་པར་དུ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་འོག་ཏུ་རང་ལྗོངས་སྲིད་གྲོས་ཀྱི་ལས་ཀའི་སྤྱིའི་བླང་བྱར་སྟངས་འཛིན་ཡང་དག་བྱ་དགོས་ཤིང་། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ་དང་། ཀྲུང་དབྱང་གི་བླང་བྱ་དང་ལྗོངས་ཏང་ཨུད་ཀྱི་བཀོད་ཁྱབ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་མ་ཟད་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་བརྟན་ཐོག་ཡར་འཕེལ། འཕེལ་ཐོག་ལེགས་བརྩོན། ཟོམ་སྐྱོན་སེལ་བ་བཅས་ཀྱི་སྤྱིའི་བསམ་གཞི་དང་། འདུ་ཤེས་གསར་པ་བརྟན་པོར་འཆང་བ་དང་འཕེལ་ཕྱོགས་གསར་པར་འཚམ་པ། འཕེལ་རྒྱས་གསར་པའི་སྣེ་སྟོན་བཅས་རྒྱུན་འཁྱོངས་བྱས་ནས་སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་བ་དང་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་ནས་འགན་སྒྲུབ་ཀྱི་གཙོ་གནད་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་ནས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་དང་ཆེད་དོན་གྲོས་མོལ་གྱི་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལ་སྐུལ་སྤེལ་དོན་འཁྱོལ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་བརྩམ་རྒྱུ་བཅས་ཀྱི་ཆེད་དུ་འབད་པ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་ཡོད།
             ཚོགས་འདུའི་ཐོག་བསྟན་དོན། 2017ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལོ་ཞིག་དང་། སྐབས་འདིའི་སྲིད་གྲོས་ཀྱི་མཇུག་སྒྲིལ་ལོ་ཞིག་རེད། ལོ་གསར་པར། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བསམ་འདུན་དང་སྲིད་གྲོས་སྒྲིག་ཡིག་བཅས་ལ་གཞིགས་ཏེ་སེམས་ནུས་གཅིག་སྒྲིལ་བྱས་ནས་འགན་འཁྲི་སྒྲུབ་དགོས། ངེས་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ལག་བསྟར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི་གལ་ཆེའི་འཐབ་ཇུས་དགོངས་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་གལ་ཆེའི་མཛུབ་སྟོན་དང་། ཏང་གི་བོད་སྐྱོང་འཐབ་ཇུས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་བཅས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དུས་ཚོད་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་གཡོ་འགུལ་སྤུ་ཙམ་ཡང་བྱེད་མི་རུང་། སྲིད་གྲོས་ཀྱི་ངོ་བོ་དང་གནས་བབ་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་དང་། རྩ་ཁྲིམས་བཅའ་ཁྲིམས་དང་སྲིད་གྲོས་སྒྲིག་ཡིག་གིས་གཏན་འཁེལ་བྱས་པའི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་གནས་བབ་གཞིར་བཟུང་། སྲིད་གྲོས་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ནུས་འདོན་སྤེལ་སྔར་བས་ལེགས་པ་བྱ་དགོས། འཐབ་ཕྱོགས་གཅིག་གྱུར་ལ་མཐུན་སྒྲིལ་བྱེད་པའི་ནུས་པ་ངེས་པར་དུ་འདོན་སྤེལ་བྱ་དགོས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་རྒྱུན་འཁྱོངས་བྱས་ནས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་བསམ་ཤེས་བཟོད་སྒོམ་གྱིས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་རིགས་དང་ལས་རིགས་ཁག་གི་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་མཐུན། སྟོབས་ཤུགས་གཅིག་སྒྲིལ་བཅས་ཆགས་པ་བྱེད་དགོས་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་སྔར་བས་མངོན་གསལ་གྱི་གནས་བབ་ཏུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། དམངས་ཉེ་དམངས་གཅེས་དང་དམངས་ཆེད་དམངས་ཕན་གྱི་ལག་ལེན་གསར་པ་བརྒྱུད། མི་རིགས་དང་ལས་རིགས་ཁག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། ངེས་པར་དུ་འགན་ནུས་འཁྲི་སྒྲུབ་ལེགས་པོར་བྱེད་དགོས། བསམ་བློར་བཅིངས་འགྲོལ་དང་། གསར་འབྱེད། གསར་གཏོད། ལྟེ་བ་དང་སྤྱི་ཡོངས་ལ་དམིགས་པ། དམངས་འཚོ་དང་གཞི་རིམ་ལ་ཕྱོགས་པ། འགན་སྒྲུབ་ཀྱི་བྱ་ཐབས་འཚོལ་ཞིབ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས་བསམ་བློའི་ལྟ་བ་འགྱུར་ལྡོག་བཏང་ཐོག སྲིད་གྲོས་ཀྱི་རྣམ་པ་གསར་པ་མངོན་ཐུབ་པ་དང་། སྲིད་གྲོས་ཀྱི་བྱས་རྗེས་གསར་པ་མངོན་འགྱུར་ཐུབ་པ། དེ་བཞིན་སྲིད་གྲོས་ཀྱི་གནས་བབ་གསར་པ་གཏོད་པ་བཅས་བྱེད་དགོས། “རྒྱང་སྐྱོད་ཀྱི་སྙིང་སྟོབས”དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” “ལམ་གཉིས་ཀྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་བཏང་ནས་སྲིད་གྲོས་ཀྱི་སྲོལ་བཟང་མུ་མཐུད་རྒྱུན་འཁྱོངས་བྱ་དགོས།
              ཚོགས་འདུའི་ཐོག་བླང་བྱ་བཏོན་པར། སྐབས་འདིའི་སྲིད་གྲོས་ཀྱི་མཇུག་བསྡུའི་དམིགས་ཚད་ཁག་མངོན་འགྱུར་ཡོང་ཆེད་འབད་པ་ལྷོད་མེད་བྱ་དགོས་པའི་བླང་བྱ་བཏོན་གནང་ཡོད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རང་རྟོགས་ངང་མར་ཁེ་སེ་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་པ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་དགོངས་གཞི་གསར་པ། འཐབ་ཇུས་གསར་པ་བཅས་ལས“སྲིད་གྲོས་ཀྱི་ལེའུ”དང་ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ།  “འདུ་ཤེས་བཞི”དང་ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་མིག་ལྟོས་ཀྱི་འདུ་ཤེས་བརྟན་པོར་བཅངས་ཐོག བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་བློ་མཐུན་ཞིས་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དེ་བས་བརྟན་སྲུང་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་སྔར་བས་ཚད་མཐོའི་གཅིག་གྱུར་བྱེད་དགོས་པ་མ་ཟད། ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག ཏང་གི་དགོངས་པ་དང་མི་རིགས་དང་ལས་རིགས་ཁག་གི་བསམ་འདུན་མངོན་གྱུར་དེ་བས་ལེགས་པར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་ཁ་ཕྱོགས་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱེད་དགོས། སྔོན་ཚུད་འགན་སྒྲུབ་རྒྱུན་འཁྱོངས་ཀྱིས་བརྟན་ལྷིང་འཕེལ་རྒྱས་ཀྱི་ལས་དོན་ལ་སྐུལ་སྤེལ་བྱ་དགོས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འགན་ནུས་སྒྲུབ་པའི་གཞི་འཛིན་ས་དང་ཤུགས་འདོན་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ་དེ་འགན་ནུས་སྒྲུབ་པའི་དོན་གནད་ཨང་དང་པོར་བརྩི་བ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་འདེགས་སྐྱོར་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་གཟི་བརྗིད་ཀྱི་འོས་འགན་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས། འགན་ནུས་འཁྲི་སྒྲུབ་ཀྱིས་ལེགས་སྐྱེས་མང་ཙམ་འབུལ་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་པར་འགྲེམས་གནང་བའི་《མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》དང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས་པར་འགྲེམས་གནང་བའི་《བོད་ལྗོངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྲིད་གྲོས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། འགན་ནུས་སྒྲུབ་ པའི་བྱ་ཐབས་གསར་གཏོད། འགན་ནུས་སྒྲུབ་པའི་ཕན་འབྲས་མཐོར་གཏོང་བཅས་བྱས་ནས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རྣམ་པ་གཏོད་དགོས། སྲིད་གྲོས་ཏང་ཙུའུ་ཡིས་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་ཁྲིམས་ལུགས་དང་སྒྲིག་ཡིག་ལ་གཞིགས་ནས་འགན་ནུས་བསྒྲུབ་རྒྱུ་གཅིག་གྱུར་ཐོག་རྒྱུན་འཁྱོངས་དང་། བོད་ལ་དངོས་ཡོད་ཀྱི་དམིགས་བསལ་ཡོད་རུང་། ཏང་སྲོལ་སྲིད་གཙང་ལ་དམིགས་བསལ་གང་ཡང་མེད་པའི་འདུ་ཤེས་བརྟན་པོར་བཅངས་ནས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་“འགན་འཁྲི་གཉིས”ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། 《ཚད་གཞི་》གཉིས་དང་《སྲོལ་ཡིག་》གཉིས་ལག་བསྟར་དོན་འཁྱོལ་བྱས་ཁར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་“ལྷག་བསམ”དང“སྤྱོད་གཙང”གི་སྲིད་གཞུང་དང་ཚོང་ལས་དབར་གྱི་འབྲེལ་བ་གསར་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རྣམ་པ་ཞིག་གཏོད་དགོས། རྨང་གཞི་བརྟན་གཏོང་རྒྱུན་འཁྱོངས་བྱས་ཐོག་སྲིད་གྲོས་རང་ངོས་ལེགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་བཏང་ཐོག རྒྱུན་ལས་ཨུ་ལྷན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་སྟངས་འཛིན་དང་བརྟག་དཔྱད་ཞིབ་འཇུག མང་ཚོགས་ལ་འབྲེལ་འདྲིས། ཐུན་མོང་མཉམ་ལས་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཨུ་ཡོན་དང་ལས་རིགས། ཆེད་དོན་ཨུ་ལྷན་དང་དེ་བཞིན་སྲིད་གྲོས་ལས་ཁུངས་ལེགས་སྐྱོང་བྱ་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་སྲོལ་ལ་སྣང་ཆེན། སློབ་སྦྱོང་ལ་སྣང་ཆེན། མཐུན་སྒྲིལ་ལ་སྣང་ཆེན། འགན་སྒྲུབ་ལ་སྣང་ཆེན། འཛུགས་སྐྱོང་ཤུགས་ཆེ་བཅས་བྱས་ནས་སྲིད་གྲོས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་སྤེལ་བྱ་དགོས།
              ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ནང་ཐེ་ཞུགས་བྱེད་མཁན་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག ཐོག་མའི་ཀུན་སློང་མ་བརྗེད་པར་མུ་མཐུད་མདུན་སྐྱོད་དང་མཐུན་སྒྲིལ་འབད་འབུངས། ལས་སྒྲུབ་ཏན་ཏིག་བཅས་བྱས་ནས་རང་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་བཏང་ཐོག བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་གང་ལེགས་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་ཆེད་བསུ་བ་ཞུ་དགོས་པའི་འབོད་སྐུལ་གནང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།