འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་ལྷོ་ཀྲོའུ་ཡིས་དབུལ་སྐྱོར་བྱེད་ཐབས་ཁག་བཞི་ལ་བརྟེན་ནས་གཞོན་ནུ་ཤེས་ལྡན་མི་སྣས་
    བྱ་གཞག་གཏོད་རྒྱུར་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་15ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཉེ་དུས་《གཞོན་ནུའི་ལས་གཏོད་སྡེ་ཁུལ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི་》བཟོས་ནས་རོགས་སྐྱོར་བྱེད་ཐབས་ཁག་བཞི་ལ་བརྟེན་ཏེ་གཞོན་ནུ་ཤེས་ལྡན་མི་སྣས་ལས་གཏོད་དང་ལས་ཞུགས་བྱ་རྒྱུར་སྐུལ་མ་བཏང་བ་རེད།
             མ་དངུལ་ཐད་ཀྱི་རོགས་སྐྱོར། མཚོ་ལྷོ་ཀྲོའུ་སྲིད་གཞུང་གིས་ཐེངས་གཅིག་ལ་མ་དངུལ་སྒོར་ཁྲི་114བཏང་བ་དང་ལོ་ལྟར་ནོར་སྲིད་སྔོན་རྩིས་ནང་སྒོར་ཁྲི་31བཅུག་ནས་གཞོན་ནུའི་ལས་གཏོད་སྡེ་ཁུལ་འཛུགས་སྐྲུན་གྱི་མ་དངུལ་ལ་བརྩིས་ནས་དེའི་ནང་ཞུགས་མཁན་གཞོན་ནུ་ལས་གཏོད་པ་ཚང་མར་ལང་ཚོའི་བྱ་གཞག་གསར་གཏོད་དང་དབུལ་སྐྱོར་དངུལ་བུན་སོགས་འབྲེལ་ཡོད་མ་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་པ་་རེད།
            སྲིད་ཇུས་ཐད་ཀྱི་རོགས་སྐྱོར། མ་གནས་དམའ་བའི་གནས་སྡོད་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གཞོན་ནུ་ལས་གཏོད་པས་གུང་གཞོན་སྡེ་ཚོགས་ཀྲོའུ་ཨུ་ཡོན་ལྷན་ཁང་དང་མཚོ་ལྷོ་ཀྲོའུ་གཡུ་ལུང་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་སི་དང་དེའི་ནང་ཞུགས་པའི་ཕྱོགས་གསུམ་པའི་གྲོས་མཐུན་བཞག་སྟེ་གཡུ་ལུང་ཀུང་སིས་གྲོང་བྱང་ཁུལ་གསར་གྱི་གཡུ་ལུང་ཚོང་གྲོང་གི་སྨི་ངོས་གྲུ་2276ཟིན་པའི་ཚོང་ཁང་22སྤྲད་དེ་གཞོན་ནུར་ལས་གཏོད་ཐད་རོགས་སྐྱོར་བྱ་རྒྱུར་སྤྱད་ཡོད་པ་རེད།
            ཆ་འཕྲིན་ཐད་ཀྱི་རོགས་སྐྱོར། ཆ་འཕྲིན་ཞབས་ཞུའི་སྟེགས་བུ་ཧུར་ཐག་བཏོད་དེ“ཧྥུང་ཁྲའོ་ཀོག་ཧྥེ”ཡི་ལས་གཏོད་བར་སྟོང་སྤྱད་དེ་སྲིད་གཞུང་གིས་སྤྱི་ཚོགས་ཞབས་ཞུ་ཉོས་པ་བརྒྱུད་ཞིང་ཆེན་ཕྱི་ནང་གི་གྲགས་ཅན་ལས་གཏོད་པ་དང་ཁེ་ལས་མཁས་ཅན་སོགས་གདན་ཞུ་བྱས་ཏེ་དུས་ཚིགས་རེར་གཞོན་ནུའི་ལས་གཏོད་ཀྱི་གླེང་སྟེགས་དང་། ལས་གཏོད་ཀྱི་ཟུར་ཁྲིད། ལས་གཏོད་ཀྱི་གསོ་སྦྱོང་སོགས་བྱེད་སྒོ་ཐེངས་གཉིས་རེ་སྤེལ་ནས་གཞོན་ནུའི་ལས་གཏོད་ཀྱི་ཆུ་ཚད་དང་ནུས་པ་མཐོ་རུ་གཏོང་གི་ཡོད། ལོ་ལྟར་རྟོག་ཞིབ་དང་སློབ་སྦྱོང་བྱེད་སྒོ་དུས་ཐེངས་གཉིས་རེ་སྤེལ་ཏེ་ལས་གཏོད་གཞོན་ནུ་30སྒྲིག་འཛུགས་བྱས་ནས་ཅང་ཤིས་དང་། ཀྲེ་ཅང་། ཧྲང་ཧའེ་སོགས་དར་རྒྱས་ཆེ་བའི་ས་ཁུལ་དུ་སྐྱོད་དེ་ཚོང་པ་དང་གདོང་ཐུག་གིས་འབྲེལ་མཐུད་བྱས་ཏེ་གཉེར་སྐྱོང་དོ་དམ་དང་དེ་བཞིན་ཁྲོམ་རའི་ཚོང་གཉེར་ཐད་ཀྱི་དཀའ་གནད་ཐག་གཅོད་བྱེད་ཀྱི་ཡོད། གཞོན་ནུའི་ལས་གཏོད་སྡེ་ཁུལ་བསྐྲུན་ནས་ཞབས་ཞུའི་ས་ཚིགས་གཉེར་རོགས་བྱས་ཏེ་ལས་གཏོད་དང་འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ཡོད་པ་རེད།
            ལམ་ལུགས་ཐད་ཀྱི་རོགས་སྐྱོར། ལས་གཏོད་བྱེད་མཁན་གཞོན་ནུ་དེའི་ནང་བསྡད་ཚེ་ལོ་གསུམ་རིང་སྡོད་ཁང་གི་ཁང་གླ་དང་། སྡོད་ཁང་བོགས་གཏོང་གི་འགན་ལེན་དངུལ། ཆུ་གློག་དང་སོལ་རླངས་ཐོག་མར་བསྒར་བའི་འགྲོ་གྲོན། སྡེ་ལས་གྲོན་དངུལ་བཅས་རྩ་ཆག་གཏོང་བ་དང་སྒོ་སོགས་ལེ་ལག་སྒྲིག་སྦྱོར་གྱི་གྲོན་དངུལ་དང་། མཛེས་བཟོའི་དངུལ། ལས་ཤག་ཁག་གཅིག་བོགས་གཏོང་བཅས་ཁ་གསབ་བྱེད་པའི་ལམ་སྲོལ་བཙུགས་ཡོད། གཞོན་ནུའི་ལས་གཏོད་སྡེ་ཁུལ་གྱི་རྣམ་གྲངས་ནང་འདྲེན་དང་ཕྱིར་འཐེན་གྱི་ལམ་སྲོལ་དང་། རྣམ་གྲངས་ཞིབ་མཆན་དང་ཚོད་སྐོར་གྱི་ལམ་སྲོལ། རྣམ་གྲངས་ཀྱི་བྱ་དགའ་ཆད་གཅོད་ལམ་སྲོལ་བཅས་འཛུགས་པ་དང་རྣམ་གྲངས་དེའི་ནང་ཞུགས་པ་དང་རྣམ་གྲངས་ཕྱིར་འཐེན་གྱི་གོ་རིམ་འཐུས་སྒོ་ཚང་དུ་བཏང་སྟེ་དེའི་ནང་ཞུགས་པའི་ལས་གཏོད་སྡེ་ཁུལ་ཁེ་ལས་དང་རྣམ་གྲངས་ལ་ཞིབ་བཤེར་དང་དམ་འཛིན་ནན་པོ་བྱས་ཐོག་ལས་གཏོད་རྣམ་གྲངས་ཀྱི་བྱེད་འཐུས་རང་བཞིན་དང་ལུགས་མཐུན་རང་བཞིན་འགན་ལེན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།