འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སེམས་རྒྱུད་ལ་འཇགས་པ་བྱས་ཏེ་ངོས་འཛིན་མཐོ་རུ་གཏོང་བ་དང་ཕྱི་ལག་ལེན་དུ་འཁྱོལ་
    བ་བྱས་ཏེ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
               —— ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ནན་ཏན་བླངས་པ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་པ།
                 ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཚུའེ་ཅིན་དང་། པེ་དབྱང་། ཏིང་ཞའོ་ཤིས།
               དེ་ནི་ཏང་སྲོལ་སྲིད་གཙང་རྒྱུན་མཐུད་དྭངས་གཙང་དང་ཏང་སེམས་དང་དམངས་སེམས་ལ་རྒྱུན་ཆད་མེད་པར་སྐུལ་མ་ཐེབས་པའི་འགག་རྩའི་དུས་སྐབས་ཤིག་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་དུས་བབ་ལ་བརྡར་ཤ་གསར་པ་བཅད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་བླང་བྱ་གསར་པ་བཏོན་པའི་ཚོགས་འདུ་གལ་ཆེན་ཞིག་རེད།
              ཟླ་1ཚེས་6ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཀྱི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་བཏོན་གནང་ཡོད། ས་གནས་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ་ནང་སེམས་རྒྱུད་ལ་འཇགས་པ་བྱས་ཏེ་ངོས་འཛིན་མཐོ་རུ་གཏོང་བ་དང་ཕྱི་ལག་ལེན་དུ་འཁྱོལ་བ་བྱས་ཏེ་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་པ་དང་། སློབ་སྦྱོང་བྱས་ནས་སླར་ཡང་བསམ་བློ་གཏོང་བ། ལག་ལེན་བརྒྱུད་ནས་གནས་ལུགས་རྟོགས་པ། ལག་ལེན་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
               འགན་འཁྲི་གཉིས་དོན་འཁྱོལ་དང་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྐབས་བརྗེའི་སྤྱོད་ཚུལ་གཞུང་དྲང་འགན་ལེན་བྱ་རྒྱུ།
              སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་བྱེད་པའི་ནང་བློ་སྒོ་ཆེན་པོ་ཞིག་ཕྱེ་ཐུབ་པ་བྱུང་བ་དེ་ནི། ཆད་གཅོད་དམ་འཛིན་དང་འགན་འཁྲི་དམ་འཛིན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“སྤྱོད་ཚུལ་བཞིའི”གནད་དོན་གྱི་མགོ་འབུར་མ་ཐག་བཅག་བཅག་བྱས་པ་དང་སྒྲིག་ཁྲིམས་ལག་བསྟར་ནན་དུ་བཏང་བ་དང་ཆབས་ཅིག་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ནས་ཏང་གི་རིམ་ཁག་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པའི་འགན་འཁྲིར་ཤུགས་སྣོན་རྒྱག་རྒྱུར་ལྟ་སྐུལ་ཐུབ་པ་བྱུང་ཡོད་ཅེས་གསུངས།
             “སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ཀྱི་ཐོག་ནས་ང་ཚོའི་འགན་འཁྲི་ལྕི་རུ་ཕྱིན་པའི་ཚོར་སྣང་བྱུང”ཁྲུང་ཆིང་གྲོང་ཁྱེར་ཧོ་ཁྲོན་ཆུས་ནན་ཅིན་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེང་ཅིའུ་ཤིན་གྱིས་གྲོང་རྡལ་ཁྲོམ་གཞུང་གི་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཡིན་པའི་ངས། རང་དཔེ་གཞན་སྟོན་དང་སྔོན་ལ་མིག་དཔེ་བསྟན་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“ཚད་གཞི་མཐོ་པོ”དང“མཐའ་ཚད་སྲུང་རྒྱུ”མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང་ཟུང་འབྲེལ་བྱས་ཏེ་དག་ཐེར་ལ་དམ་འཛིན་བྱ་རྒྱུ་མ་ཟད། མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་སེམས་ཤུགས་དང་། རྣག་ཐོག་གཙག་འཁེལ་གྱི་སྙིང་སྟོབས། མཐའ་གཅིག་ཏུ་དམ་འཛིན་བྱེད་པའི་ངར་ཤུགས་བཅས་ཀྱི་སྒོ་ནས“སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པའི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་སེམས་ཐག་གཙང་བཅད་ཀྱིས་ཡག་པོ་བརྒྱབ་སྟེ“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་ལོག་དང་གནད་དོན་གསར་པ་ཐོན་རྒྱུར་དོགས་ཟོན་བྱ་རྒྱུ་ཡིན་ཞེས་བཤད།
               ཨན་ཧུའེ་ཞིང་ཆེན་ཧུའེ་པེ་གྲོང་ཁྱེར་སྒྲིག་ཨུད་ཀྱི་རྒྱུན་ཨུ་ལིའུ་སྨིས་གསར་འགོད་པར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ལས་དོན་ལ་སླར་ཡང་སྐུལ་མ་ཐེབས་ཡོད། དེར་བརྟེན་སྒྲིག་བཤེར་ལས་དོན་པ་ཚོས་《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》སོགས་ཚད་གཞི་དང་ཐིག་ཤིང་དུ་བྱེད་པ་དང་ཕྱོགས་ཡོངས་ནས་ལྟ་སྐུལ་ནན་པོ་དང་། ཕྱོགས་ཡོངས་ནས་སྒྲིག་ཁྲིམས་ལག་བསྟར་ནན་པོ། ཕྱོགས་ཡོངས་ནས་འགན་འཁྲི་བདའ་འདེད་ནན་པོ་བཅས་བྱས་ཏེ“སྒྲིག་ཁྲིམས་སྒྲིག་ལམ་ལ་སྲུང་བརྩི”ཞུ་བ་དང“གཟབ་ནན་ངང་དབང་ཆ་སྤྱད”ནས་སྒྲིག་ཁྲིམས་ལག་བསྟར་དང་། ལྟ་སྐུལ། འགན་འཁྲི་བདའ་འདེད་བཅས་ཀྱི་ལས་ཀའི་ལྷུ་ཚིགས་ཁག་ནང་ཐོག་མཐའ་བར་གསུམ་དུ་ཁྱབ་ཐུབ་པ་བྱ་རྒྱུ་དང་འབྲེལ་ལག་ནང་གི་དབང་ཆ་ཡག་པོ་སྤྱོད་པ་དང་ཡག་པོ་སྲུང་རྒྱུ་ཡིན་ཞེས་བཤད།
              “ཧོང་དབྱང་གྲོང་ཁྱེར་གྱི་ངོས་ནས་བརྗོད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལག་བསྟར་ཡག་པོ་བྱ་རྒྱུ་དེར་དམིགས་བསལ་དང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད”ཧུའུ་ནན་ཧོང་དབྱང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ནུང་གིས་ཧོང་དབྱང་གྲོང་ཁྱེར་གྱིས་འདེམས་བསྐོའི་གྲོས་གཞིར་གཏོར་བཤིག་བཏང་བའི་བསླབ་བྱ་བློ་ལ་བརྟན་པོ་ངེས་ནས་རིམ་ཁག་ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ལྷུག་ལྷོད་འཇམ་གསུམ་ནས་དམ་ནན་བཙན་ཕྱོགས་སུ་སྐུལ་འདེད་བཏང་ནས་དེ་བས་བློ་ཐག་ཆོད་པའི་རྣམ་འགྱུར་དང་། དེ་བས་ནན་པའི་སྤྱོད་ཚུལ། དེ་བས་ནུས་ལྡན་གྱི་བྱེད་ཐབས་བཅས་ཀྱི་སྒོ་ནས་ལས་དོན་ཧུར་ཐག་བསྒྲུབས་པ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཏང་གི་དོ་དམ་ལ་ཇུས་ཡོད་པ་དང་། ཏང་བཅོས་སྐྱོང་ལ་ནུས་པ་ལྡན་པ། ཏང་འཛུགས་སྐྱོང་ལ་ཕན་འབྲས་ཐོན་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
                 རང་ངོས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་རུལ་རྒོལ་གྱི་སྤུ་གྲི་བཤམས་ནས་སྒྲིག་ཁྲིམས་སྒྲིག་ལམ་ལ་སྲུང་བརྩི་ཞུ་རྒྱུ།
                ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལ་གཟབ་ནན་ངང་སྐུལ་འདེད་གཏོང་བ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་སྲིད་ཇུས་ཁོང་དུ་ཆུད་པ་བྱེད་པ་དང་ལས་དོན་འབྲེལ་མཐུད་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས་ཞེས་གསུངས་ཡོད།
               ཧྲན་ཤིས་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་སྲིད་གཙང་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་མི་སྣ་ལི་གོ་ཤང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཕྱོགས་སུ་སྐྱོད་པར་གོམ་སྟབས་རྗེས་མར་ངེས་པར་དུ་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཏང་གི་ལམ་ལུགས་དང་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་ནུས་ལྡན་རྒྱག་དགོས་པའི་ངོས་འཛིན་བྱས།
               “‘བཅའ་ཁྲིམས་ཀྱི་སྔོན་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་སྲུང་དགོས’ཞེས་པ་ནི་དོན་དངོས་ཐོག་ཏང་གི་སྔོན་ཐོན་རང་བཞིན་སྲུང་སྐྱོང་བྱས་པ་ཞིག་ཡིན་པ་དང་། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་སྔོན་དུ་སྤེལ་བའི་དམིགས་ཡུལ་ནི་ཏང་ཡོན་ལས་བྱེད་པའི་ཉེས་གསོག་བྱེད་སྤྱོད་ཉུང་དུ་གཏོང་ཆེད‘དོགས་ཟོན’བྱ་ཐབས་བཏོན་ཏེ་ཏང་ཡོན་ལས་བྱེད་པ་ཉེས་གསོག་གི་གནས་སུ་ལྷུངས་རྒྱུ་སྔོན་འགོག་བྱེད་རྒྱུ་དེ་ཡིན”ཞེས་ལི་གོ་ཤང་གིས་བརྗོད།
               ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟའི་ས་ཁུལ་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་དུ་ལན་ཏུའུ་ཆུས་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་སུང་ཀྲེན་ཧྭ་ཡིས་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་དོན་གསར་ཤོས་ལ་དོ་ཁུར་ཆེན་པོ་བྱེད་ཅིང་། ཁོང་གིས“མིག་སྔར་ཆེས་གལ་འགངས་ཆེ་ཤོས་ནི་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་སྒྱུར་བཅོས་ཀྱི་དགོངས་དོན་གོ་བ་ཡང་དག་ལེན་པ་དང་། ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་ལས་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་ཁོར་ཡུག་ལ་ཐེབས་པའི་འགྱུར་ལྡོག་གསར་པ་དང་བླང་བྱ་གསར་པ་དང་མགྱོགས་མྱུར་འཚམ་པ་བྱེད་པ། རང་རྟོགས་ངང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཚོད་ལྟ་བྱེད་རིང‘ནན་ལ་ཏན་ཏིག’གི་རྣམ་འགྱུར་ཐོག་ནས་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ནས་མི་སེམས་གཅིག་སྒྲིལ་ཐུབ་པ་དང་། དཔུང་ཁག་ཟང་ཟིང་མེད་པ། ལས་དོན་རྒྱུན་ཆད་མེད་པ་སྤེལ་བ་ཐུབ་པ་བཅས་བྱེད་དགོས”ཞེས་བརྗོད།
                “སྒྲིག་ཁྲིམས་ཞིབ་བཤེར་དཔུང་ཁག་གི‘གློག་སྒྲོན་འོག་གི་གྲིབ་ཆའི’གནད་དོན་ཐག་གཅོད་ཏན་ཏིག་ངང་ཡག་པོ་བྱེད་པར་ངེས་པར་དུ་ཏང་ནང་ཁུལ་ལ་ལྟ་སྐུལ་བྱེད་པའི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་དགོས”ཞེས་པེ་ཅིང་གྲོང་ཁྱེར་ཤིས་ཁྲེང་ཆུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཕུང་གིས་བརྗོད་པ་དང་། ཁོང་གིས་ཆུས་དེར་2016ལོར་སྒྲིག་བཤེར་ལས་བྱེད་པ་26སྐོང་འདྲི་བྱས་པ་དང་། སྒྲིག་བཤེར་ལས་བྱེད་པ་3ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཡོད། གོམ་སྟབས་རྗེས་མར་སྒྲིག་བཤེར་ལས་བྱེད་པས་འགན་ནུས་བསྒྲུབ་རྒྱུ་དེ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པ་དང་སྤྱི་དམངས་ཀྱིས་ཡོངས་བསྒྲགས་སུ་ལྟ་སྐུལ་བྱེད་དུ་བཅུག་སྟེ་སྒྲིག་བཤེར་ལས་བྱེད་པའི་གནད་དོན་ཁུངས་སྣེ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རང་ངོས་འཛུགས་སྐྱོང་དང་རང་ངོས་ཚད་ལྡན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་པའི་ཐད་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱེད་རྒྱུ་ཡིན་ཞེས་བརྗོད།
                 ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་བཏང་སྟེ་སྤྱོད་གཙང་རང་གཅུན་གྱི་ཚད་ལོན་ཏང་ཡོན་ཞིག་བྱེད་རྒྱུ་ཡིན།
                 ཚོན་མདོག་རྣམ་པར་བཀྲ་བ་དང་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་བོད་བཟོའི་ཐོག་བརྩེགས་ཁང་པ་སྟར་པ་མང་པོ་གྲལ་སྒྲིག་ལ་གོ་རིམ་ལྡན་པ་ཞིག་ཡོད་པ་དང་། ཁྱིམ་ཚང་ཚང་མའི་རྒྱལ་སྒོར་ཁ་བཏགས་གཡོགས་པ། སྒོ་རའི་ནང་སྔོ་ལྗང་རྩྭ་ཡིས་བརྒྱན་པ། ཐོག་ཁར་དམར་མདངས་བཀྲ་བའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་སོགས་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་ཆུ་ཤུར་རྫོང་རྟ་དཀར་ཤང་ཡོད་པ་གསུམ་གྲོང་ཚོ་ནི་བོད་ཀྱིས་བསྐྲུན་པའི་གནས་སྤོའི་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཐོག་མ་དེ་ཡིན་པ་རེད།
                  ཚེས་6ཉིན་གྱི་དགོང་མོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བསོད་ནམས་གཡང་སྐྱིད་དང་ཏང་ཡོན་ཚོ་མཉམ་དུ་བརྙན་འཕྲིན་ལྟ་བཞིན་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་གོ་རྟོགས་རྒྱུན་ཆད་མེད་པར་བརྟན་དུ་དང་གོང་མཐོར་གཏོང་དགོས་ཞེས་ནན་བཤད་གནང་གི་འདུག་ཅེས་ཡོད་པ་གསུམ་གྲོང་ཚོའི་ཏང་ཡོན་ཉི་མས་མྱོང་ཚོར་ཟབ་མོའི་ངང་བརྗོད།
                  ཉི་མས“ང་ཚོ་ཏང་ནང་ཞུགས་སྐབས་ཏང་ལ་ཏང་གི་སྒྲིག་ཁྲིམས་ནན་པོ་བསྲུང་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པས་ཏང་ཡོན་གྱིས་ངེས་པར་དུ་ཏང་ལ་ཁས་ལེན་བྱེད་ལུགས་བློ་ལ་བརྟན་པོར་བཅངས་ནས་རང་ཉིད་ནས་འགོ་བརྩམས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཆགས་པ་བྱེད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཞེས་བརྗོད།
                 “གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་པའི་ཆ་ནས་གང་འདྲ་ཞིག་ལ་གུང་ཁྲན་ཏང་ཡོན་ཟེར་བ་དང་། ཇི་ལྟར་བྱས་ཏེ་ཚད་ལོན་གུང་ཁྲན་ཏང་ཡོན་ཞིག་ཏུ་འགྱུར་བ་བྱེད་རྒྱུར་ངས་དུས་རྟག་ཏུ་བསམ་བློ་གཏོང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་དེས་རྒྱ་ཆེའི་ཏང་ཡོན་དང་ལྷག་དོན་དུ་གཞི་རིམ་ཏང་ཡོན་ལ་ཉེན་བརྡ་གཏོང་གི་འདུག”ཅེས་སི་ཁྲོན་ཞིང་ཆེན་ཨན་གཡོད་རྫོང་ཝོ་ཕུའུ་གྲོང་རྡལ་ཧྥེ་ཕུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཧྲན་ཧའོ་ཆང་གིས་བརྗོད་པ་དང་། ཁོང་གིས་གཞི་རིམ་གྱི་ཏང་ཡོན་ནི་མི་དམངས་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་མཁན་ཞིག་ཡིན་པས་ཏང་གི་སྲིད་འཛིན་རྨང་གཞི་དང་རྨང་རྡོ་ལྟ་བུ་ཞིག་རེད། ས་ཁུལ་དབུལ་པོར་རོགས་སྐྱོར་བྱེད་མཁན་ཧྲུའུ་ཅི་ཨང་དང་པོ་ཞིག་ཡིན་པའི་ཆ་ནས་མང་ཚོགས་དབུལ་པོ་སྣེ་ཁྲིད་དེ་ལས་གཏོད་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་དགོས་པ་དང་དུས་མཚུངས་ངེས་པར་དུ་ཏང་གི་གཞི་རིམ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་གོང་བུ་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བརྗོད།
                  གསར་དུ་བསྐྲུན་པའི་གྲོང་ཚོར་ཤར་གཏོང་ཐུབ་པའི་སྣུམ་ནག་གཞུང་ལམ་བརྒྱུད་ཧྲའན་ཤིས་ཞིང་ཆེན་ཡན་ཁྲོན་རྫོང་ཡུང་ཕིང་གྲོང་རྡལ་ཧོང་ཅ་ཀེ་ཏ་གྲོང་ཚོར་སྐྱོད་སྐབས་གསར་དུ་བསྐྲུན་པའི་གཞུ་དབྱིབས་འགྱིག་ཤོག་དྲོད་ཁང་ཆེ་མོ་100ལྷག་ཙམ་དགུན་དུས་ཉི་འོད་འོག་སྟར་པ་བཞིན་ཆགས་འདུག
                 “དབུལ་སྐྱོར་རྣམ་གྲངས་རག་ཐབས་བྱེད་པ་དང་དམངས་ཕན་མ་དངུལ་བརྩོན་ལེན་བྱས་ཏེ་མང་ཚོགས་ལ་ཟམ་པ་སྐྲུན་པ་དང་། ལམ་བཟོ་བ། འགྱིག་ཤོག་དྲོད་ཁང་ཆེ་མོ་སྐྲུན་པ་སོགས་ད་ཆ་གྲོང་ཚོའི་ཏང་ཡོན་གྱི་ཐོབ་ཐང་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། དམིགས་ཡུལ་གྱི་འདུ་ཤེས་ཆགས་ཡོད་པས་ཏང་ཡོན་ཚང་མའི་བྱེད་སྟངས་ཡག་པོ་འདུག མདོར་བསྡུས་ནས་བཤད་ན། དེ་ནི་ཏང་ནན་པོས་བསྐྱངས་བ་ལས་ང་ཚོའི་གྲོང་ཚོར་བྱུང་བའི་འགྱུར་ལྡོག་ཞིག་རེད”ཅེས་གསར་དུ་བསྐྲུན་པའི་གཞུ་དབྱིབས་འགྱིག་ཤོག་དྲོད་ཁང་ཆེ་མོའི་འཁྲིས་སུ་སྡོད་མཁན་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཀའོ་ཕུའུ་ཕིང་གིས་མྱོང་ཚོར་ཟབ་མོའི་ངང་བརྗོད་པ་དང་། ཁོང་གིས་གཞི་རིམ་གྱི་ཏང་ཡོན་ཞིག་ཡིན་པའི་ཆ་ནས་ཉིན་ལྟར་མང་ཚོགས་དང་འབྲེལ་གཏུག་བྱེད་དགོས་པས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་བྱེད་པར་ངེས་པར་དུ་རང་དཔེ་གཞན་སྟོན་གྱིས་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། རང་ངོས་ཀྱི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི“སྣེ་ཁྲིད་པ”ཞིག་བྱེད་ཀྱི་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།