འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་ཆིག་སྟོང་ཡན་རི་བའི་ཐད་གསབ་གོང་
    བཅད་སྔོ་ཚལ་བཙོངས་ཏེ་དམངས་འཚོར་ཕན་བཏགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཧན་ལུང་ཤོན་དང་ཤིན་ཞའོ་ཅེ་གཉིས་ཧོ་ནན་ཞིང་ཆེན་ཞུས་ཁྲང་གྲོང་ཁྱེར་ནས་ཡིན་ཞིང་། ཁོང་གཉིས་ཀྱིས་ཟི་ལིང་དུ་སྔོ་ཚལ་ཚོང་ཁང་བཙུགས་ནས་བགྲང་བྱ་4སོང་ཟིན། ན་ནིང་ཟླ་12པར། ཁོང་གཉིས་ཀྱི་ཚོང་ཁང་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་ཐད་གསབ་གོང་བཅད་སྔོ་ཚལ་སིལ་ཚོང་བྱ་ཡུལ་ཁོངས་སུ་བཅུག་པ་དང་། སྒོ་འཆོར་གསར་རྐྱང་འོག་ཏུ་སྲིད་གཞུང་ནས་གཅིག་གྱུར་སྤྲད་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་བཀལ་བའི་ཐོག་ཐད་གསབ་གོང་བཅད་སྔོ་ཚལ་གྱི་མིང་གསལ་པོར་མངོན་གྱི་འདུག ཧན་ལུང་ཤོན་གྱིས་མྱོང་ཚོར་ཟབ་མོས“སྲིད་གཞུང་གི་ཁ་གསབ་གོང་བཅད་སྲིད་ཇུས་དངོས་གནས་ཡག་པོ་འདུག མི་སེར་ཚོར་ཕན་པ་དངོས་ཐོབ་པ་མ་ཟད་ངའི་ཚོང་ཁང་གི་ཚོང་ཡང་ལེགས་སུ་ཕྱིན་སོང”ཞེས་བཤད།
         ཚལ་གོང་བརྟན་པོ་ཡོང་བ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་དུས་ཆེན་དང་འཚོ་བའི་དགོས་མཁོ་སྐོང་ཆེད། ཉེ་ཆར་ཟི་ལིང་གྲོང་ཁྱེར་གྱིས་སྔོ་ཚལ་དང་ཆུ་ཐོན་ཐོན་རྫས་ཀྱི་ཐད་གསབ་གོང་བཅད་ཇུས་གཞི་ལག་བསྟར་བྱེད་འགོ་བཙུགས་ཡོད། སྲིད་གཞུང་སྡེ་ཚན་གྱིས་གཞུང་བཅད་རིན་གོང་གི་སྔོ་ཚལ་སིལ་ཚོང་བྱ་ཡུལ་185བཙུགས་པའི་ནང་གཞུང་བཅད་རིན་གོང་གི་ཚོང་ཁང་138དང་། ཐད་ཚོང་རླངས་འཁོར་22 སྒོ་རྩིས་ཚོང་ཁང་25་བཅས་ཡོད། སུར་རིང་དང་། ཀེའུ་སེར། སྒོག་མྱུག ཧོང་ཀྭ ཀྲོ་མ་ཀྲུ། ཆེ་ཙི་བཅས་རྒྱུན་མཁོའི་སྔོ་ཚལ་6དང་ཉ་ལེབ་རིང་དང་། ཉ་ལེབ་མཆུ་རིལ། ཉ་ལུག་མིག ཞ་སྨི་སྔོ་སྐྱ། པགས་བཤུས་ཞ་སྨི་བཅས་ཆུ་ཐོན་ཐོན་རྫས་5ལ་ཐད་གསབ་གོང་བཅད་བྱས་ཡོད། “གྲོང་ཁྱེར་སྲིད་གཞུང་གི་ནོར་སྲིད་ནས་ཁ་གསབ་སྤྲད་པ་ཕུད། ཆུས་ཁག་གི་སྲིད་གཞུང་གིས་ཀྱང་མ་དངུལ་འབོར་ཆེན་བཏང་ཡོད་པས་མི་སེར་ལ་ཁ་གསབ་དངོས་རག་ཚད་སྒོར་ཁྲི་1000ལས་བརྒལ་ཡོད”ཅེས་ཟི་ལོང་ཚོང་དོན་ཅུས་ཁྲོམ་རའི་སྒྲིག་ལམ་ཁྲུའི་ཁྲུའུ་ཀྲང་ཝང་གོ་ཕིང་གིས་བཤད།
         མཚོ་བོད་ས་མཐོར་གནས་པའི་ཟི་ལིང་ངོས་ནས་བརྗོད་ན་ས་ཆ་དེ་རང་གི་སྔོ་ཚལ་ཐོན་ཁུངས་ཉུང་བ་དང་། སྐྱེལ་འདྲེན་མ་གནས་མཐོ་བ། དགུན་ཁ་ཚལ་གོང་མཐོ་བ་བཅས་ནི་སྔར་ནས་གྲོང་མི་ཚོས་གླེང་མང་བའི་གནད་དོན་ཞིག་རེད། 2013ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་ལོ་བཞི་བསྟུད་མར་དུས་ཆེན་གོང་གི་སྔོ་ཚལ་ལ་ཐད་གསབ་གོང་བཅད་བྱ་ཐབས་སྤྱད་པ་མ་ཟད། སིལ་ཚོང་བྱ་ཡུལ་རྒྱུན་ཆད་མེད་པར་མང་དུ་བཏང་བས་འདི་ལོ་ན་ནིང་ལས་སིལ་ཚོང་བྱ་ཡུལ་65མང་དུ་སོང་ཡོད། དེ་དང་ཆབས་ཅིག་ཁྲོམ་རར་བརྟག་ཞིབ་བྱས་ནས་མི་སེར་ཚོས་དུས་ཆེན་རིང་དགའ་པོ་བྱེད་པའི་སྔོ་ཚལ་གང་དག་ཡིན་པ་ཤེས་རྟོགས་བྱས་པ་མ་ཟད་གོང་བཅད་སྔོ་ཚལ་གྱི་སྣ་ཁ་མང་དུ་དང་ལེགས་སྒྲིག་འོས་འཚམ་བྱས་ཡོད། བྱ་ཐབས་དེས་དུས་ཆེན་གོང་གི་ཚལ་གོང་བརྟན་པོ་བྱུང་བ་མ་ཟད་མི་སེར་ལའང་ཕན་པ་དང་སྟབས་བདེ་བསྐྲུན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།