འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གདོད་མའི་སྦྱར་པའི་ནགས་ཚལ་ལ་ཆེད་མངགས་སྲུང་སྐྱོང་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་སྦྲགས་མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོངས་སར་གནས་པའི་མིག་སྔར་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་གདོད་མའི་སྦྱར་པའི་ནགས་ཚལ་ལ་འཕྲད་པའི་འགལ་རྐྱེན་དང་ཉེན་ཁའང་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། གལ་སྲིད་སྦྱར་པའི་ནགས་ཚལ་ལ་སྲུང་སྐྱོང་ནུས་ལྡན་མ་བྱས་ན། མཚོ་བོད་ས་མཐོའི་སྦྱར་པའི་ནགས་ཚལ་མཐའ་མ་དེ་གཏོར་བརླག་འགྲོ་ཉེན་ཆེ། ཇི་ལྟར་བྱས་ནས་མཚོ་བོད་ས་མཐོའི་སྦྱར་པའི་ནགས་ཚལ་འབའ་ཞིག་དེར་སྲུང་སྐྱོང་བྱེད་དགོས་སམ། གནད་དོན་དེར་ས་གནས་དེ་གའི་སྲིད་གཞུང་གིས་མིག་སྔའི་དཀའ་གནད་སེལ་ཆེད་བྱ་ཐབས་རབ་དང་རིམ་པ་སྤྱོད་བཞིན་ཡོད།
        སྦྱར་པའི་ནགས་ཚལ་དེ་ཀྲུང་གོའི་ཤིན་ཅང་དང་། ནང་སོག མཚོ་སྔོན། ཀན་སུའུ། ཉིང་ཞ་བཅས་དང་། དེ་བཞིན་ས་དབུས་རྒྱ་མཚོའི་ཉེ་འཁོར་སོགས་རྒྱལ་ཁབ་20ལ་ཁྱབ་ཡོད་ཅིང་། ཤིན་ཅང་དང་ནང་སོག་སོགས་སྦྱར་པའི་ནགས་ཚལ་ཁྱབ་ཁུལ་དང་བསྡུར་ན། མཚོ་སྔོན་གྱི་སྦྱར་པའི་ནགས་ཚལ་གནས་ས་དེ་ས་བབ་མཐོ་བ་དང་བྱེ་ཐང་ཅན་ཚབས་ཆེ་བའི་རྐྱེན་གྱིས་ཁོར་ཡུག་ཧ་ཅང་ཞན་པོ་ཡོད།
        མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོངས་སའི་དབུས་རྒྱུད་དུ་གནས་པའི་གོར་མོའི་སྦྱར་པའི་ནགས་ཚལ་མཛེས་ལྗོངས་ཁུལ་དེ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་30ལྷག་ཙམ་ཟིན་གྱི་ཡོད། ལྟེ་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་8དང་། ས་བབ་མཐོ་ཚད་སྨི་2800བཅས་ཟིན་པས་མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གདོད་མའི་བྱེ་ཐང་གི་སྦྱར་པའི་རྩི་ཤིང་རིགས་ཚོགས་ཡིན་པ་མ་ཟད། མཚོ་བོད་ས་མཐོའི་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་ཐོན་ཁུངས་ཀྱང་ཡིན།
        མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ནགས་ལས་ཅུས་ཀྱི་འགན་ཁུར་བས་ཐང་རྒོད་སྣོད་བཅུད་མ་ལག་ཧ་ཅང་ཉམས་ཞན་ཡིན་པས་གཏོར་སྐྱོན་ཕོག་ཚེ་སླར་གསོ་ཧ་ཅང་དཀའ། ལྷག་དོན་དུ་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་སྐབས་གཤོངས་སའི་ལྷོ་རྒྱུད་དུ་སྦྱར་པའི་སྡོང་པོས་གཙོས་པའི་བྱེ་ཐང་ཐོག་གི་སྔོ་ཁེབས་འབོར་ཆེན་ལ་གཏོར་སྐྱོན་ཐེབས་ནས། ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ཉིན་རེ་བཞིན་ཇེ་སྡུག་ཏུ་སོང་བ་དང་། ས་རྒྱུ་བྱེ་འགྱུར་དང་ཐན་སྐྱོན་སྔར་བས་ཚབས་ཆེར་ཕྱིན་ཏེ། ས་ཁོངས་ནང་གི་ཆུ་རྒྱུན་ནམ་དུས་རང་བཞིན་གྱི་ཆད་པའི་སྣང་ཚུལ་ཐོན་གྱི་ཡོད་ཅེས་ངོ་སྤྲོད་བྱས།
       “སྦྱར་པའི་ནགས་ཚལ་ནི་ཐང་རྒོད་ཀྱི་རང་བྱུང་ཁོར་ཡུག་འོག་ཡུན་རིང་འཚོ་གནས་ཐུབ་པའི་ཆེས་བརྟན་ཤོས་ཀྱི་བྱེ་འཇགས་ལྕང་སྡོང་གི་གྲས་ཤིག་རེད། དེས་སྦྱར་པའི་ནགས་ཚལ་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་དོ་སྙོམས་རྒྱུན་འཁྱོངས་བྱེད་པ་དང་། བཞུར་བྱེ་གཏན་འགོག ཞིང་ལས་ཐོན་སྐྱེད་དང་མི་དམངས་ཀྱི་འཚོ་བ་སྲུང་སྐྱོང་སོགས་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་གྱི་ཡོད། དེ་དང་དུས་མཚུངས་དེའི་སྣོད་བཅུད་མ་ལག་ཀྱང་ཧ་ཅང་ཉམས་ཞན་ཡིན་པས་གཏོར་སྐྱོན་ཕོག་ཚེ་སླར་གསོ་ཧ་ཅང་དཀའ། མིག་སྔའི་བར་སྒོར་ཕྱེད་རྣམ་པའི་སྦྱར་པའི་སྲུང་སྐྱོང་ཁུལ་གྱིས་གོར་མོའི་སྔོ་ལྗང་ཞིང་ལས་ལ་འགེབས་སྲུང་བྱེད་པ་དང་། དེས་གོར་མའི་ནུབ་བྱང་རྒྱུད་སྲུང་སྐྱོང་བྱེད་བཞིན་ཡོད་པས། སྣོད་བཅུད་ཀྱི་འཐབ་ཇུས་གནས་བབ་ཧ་ཅང་མངོན་གསལ་དོད་པོ་ཡོད། གལ་ཏེ་སྦྱར་པའི་ནགས་ཚལ་དེ་སྟོངས་ཚེ། བྱེ་རླུང་གོར་མོའི་ནུབ་རྒྱུད་ཀྱི་མུའུ་ཁྲི་ཡི་ཞིང་ཁ་དང་བྱང་རྒྱུད་ཀྱི་ཚྭ་རྒན་ཚྭ་མཚོར་ལྡང་ནས། ས་ཁོངས་ཀྱི་སྣོད་བཅུད་དོ་སྙོམས་མེད་པར་གྱུར་ཏེ་མཇུག་འབྲས་ངན་པ་ཐོན་སྲིད”ཅེས་འགན་ཁུར་བ་དེས་བཤད།
       ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས། སྲུང་སྐྱོང་དོ་དམ་ས་ཚིགས་དང་རྒྱང་ལྟ་སྟེགས་བུ་བཙུགས་ནས་སྲུང་སྐྱོང་ཁུལ་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་། རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྲུང་སྐྱོང་སྲོག་ཆགས་ལ་ཁྱོན་ཡོངས་དང་ཆེད་དོན་བརྟག་ཞིབ་བྱས་པ་དང་འབྲེལ། སྲུང་སྐྱོང་བྱ་ཐབས་ནུས་ལྡན་བཟོས་ནས་གང་བྱུང་དུ་ཤིང་གཅོད་པ་དང་། གང་བྱུང་དུ་རྔོན་རྒྱག་པ། སྲུང་སྐྱོང་ཁུལ་གྱི་ཐོན་ཁུངས་གང་བྱུང་དུ་སྔོག་འདོན་བྱེད་པ། སྒྲིག་འགལ་ངང་སྲུང་སྐྱོང་ཁུལ་གྱི་ས་ཆ་བཟུང་བ་བཅས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།