མི་དམངས་དྲ་བ།

༄༅།།རང་རྒྱལ་གྱིས་རྨོ་ཞིང་གི་སྤུས་ཚད་རིམ་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྨོ་ཞིང་གི་སྤུས་ཚད་ལེགས་མིན་དེ་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་དང་འབྲེལ་བ་ཡོད། 《རྨོ་ཞིང་གི་སྤུས་ཚད་རིམ་པ་》ཡི་རྒྱལ་ཁབ་ཀྱི་ཚད་གཞིར་ཉེ་དུས་རྒྱལ་ཁབ་སྤུས་ཚད་བརྟག་བཤེར་དང་ནད་ཡམས་ཞིབ་བཤེར་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱ་རྒྱུའི་ཆོག་མཆན་ཐོབ་ནས་2016ལོའི་ཟླ་12ཚེས་30ཉིན་ནས་བཟུང་ལག་ལེན་བསྟར་བ་རེད། དེ་ནི་རང་རྒྱལ་གྱི་རྨོ་ཞིང་གི་སྤུས་ཚད་རིམ་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་ཡིན་པ་རེད།
          འདི་ནི་ཉིན་ཤས་གོང་སྤེལ་བའི་《རྨོ་ཞིང་གི་སྤུས་ཚད་རིམ་པའི་》རྒྱལ་ཁབ་ཀྱི་ཚད་གཞི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ཞིག་རེད། ཚད་གཞི་འདི་རིམ་ཁག་སྲིད་འཛིན་ཁུལ་དང་དེ་བཞིན་དམིགས་བསལ་ས་ཁོངས་ནང་གི་རྨོ་ཞིང་གི་སྤུས་ཚད་རིམ་དབྱེར་སྤྱོད་རྒྱུར་འཚམ་པས་རྨོ་ཞིང་གི་སྤུས་ཚད་བརྟག་ཞིབ་དང་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་ལས་དོན་སྤེལ་རྒྱུར་ཚན་རིག་དང་མཐུན་པའི་དམིགས་ཚད་དང་བྱེད་ཐབས་མཁོ་འདོན་ཐུབ་རྒྱུ་རེད།
          ཚད་གཞིའི་འཆར་ཟིན་འགོད་མཁན་གཙོ་བོའི་གྲས་ཤིག་དང་རྒྱལ་ཡོངས་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ལྟེ་གནས་ས་རྒྱུ་དང་རྫས་ལུད་སྤུས་ཚད་ལྟ་ཞིབ་ཚད་ལེན་ཁྲུའི་ཁྲུའུ་ཀྲང་གཞོན་པ་རེན་དབྱི་ཡིས་ཚད་གཞིས་ཞིང་ལས་ཐོན་སྐྱེད་ཀྱི་ཟུར་ཚད་ཐོག་ནས་འགོ་བཙུགས་ཏེ་རྨོ་ཞིང་གི་ས་བཅུད་དང་ས་རྒྱུ་ཡག་སྡུག་གནས་ཚུལ་དང་ཞིང་ནང་གི་རྨང་གཞིའི་སྒྲིག་ཆས་ལས་གྲུབ་པའི་ཞིང་ལས་ཐོན་རྫས་མུ་མཐུད་ཐོན་སྐྱེད་དང་སྤུས་ཚད་བདེ་འཇགས་ཀྱི་དགོས་མཁོ་སྐོང་ནུས་ཐད་གདེང་འཇོག་བྱས་ནས་རྨོ་ཞིང་སྤུས་ཚད་རིམ་པ་10ལ་དབྱེ་རྒྱུ་ཡིན་ཞིང་། རིམ་པ་དང་པོའི་ས་རྒྱུའི་སྤུས་ཚད་ཡག་ཤོས་དང་རིམ་པ་བཅུ་པའི་ས་རྒྱུའི་སྤུས་ཚད་ཞན་ཤོས་ཡིན། ཚད་གཞིའི་ནང་རྒྱལ་ཡོངས་ཀྱི་རྨོ་ཞིང་བྱང་ཤར་ཁུལ་དང་། ནང་སོག་དང་དེ་བཞིན་ལྕགས་རི་རིང་པོའི་ལམ་རྒྱུད་ཁུལ། རྨ་ཆུ་དང་ཧོའེ་ཧེ་གཙང་པོ་ཁུལ། ས་སེར་མཐོ་སྒང་ཁུལ། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཁུལ། ལྷོ་ནུབ་ཁུལ། ཀྲུང་གོའི་ལྷོ་རྒྱུད་ཁུལ། ཀན་ཤིན་ཁུལ། མཚོ་བོད་ཁུལ་སོགས་ས་ཁོངས་ཆེན་པོ་9རུ་དབྱེ་རྒྱུ་དང་། ས་ཁོངས་ཁག་གི་གདེང་འཇོག་དམིགས་ཚད་དེ་རྨང་གཞིའི་རང་བཞིན་གྱི་དམིགས་ཚད་13དང་ས་ཁོངས་ཁ་གསབ་རང་བཞིན་གྱི་དམིགས་ཚད་6ལས་གྲུབ་སྟེ་འབྲེལ་ཡོད་གདེང་འཇོག་དམིགས་ཚད་ཀྱི་ནང་དོན་དང་། ལེན་ཐབས། དབྱེ་འབྱེད་ཚད་གཞི་སོགས་ཁ་གསལ་བཟོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཞིང་ལས་པུས་2014ལོར་《རྒྱལ་ཡོངས་ཀྱི་རྨོ་ཞིང་གི་སྤུས་ཚད་རིམ་མཚུངས་གནས་ཚུལ་སྤྱི་བསྒྲགས་》ཁྱབ་བསྒྲགས་བྱེད་མྱོང་ཞིང་། སྤྱི་བསྒྲགས་འདི་གཞིར་བཟུང་། གདེང་འཇོག་རིམ་པ་དང་པོ་ནས་གསུམ་པའི་བར་གྱི་རྨོ་ཞིང་རྒྱ་ཁྱོན་གྱིས་རྨོ་ཞིང་རྒྱ་ཁྱོན་བསྡོམས་འབོར་གྱི་27.3%བཟུང་བ་དང་། གདེང་འཇོག་རིམ་པ་བཞི་པ་ནས་དྲུག་པ་བར་གྱིས་རྨོ་ཞིང་རྒྱ་ཁྱོན་གྱི་བསྡུར་ཚད་44.8%བཟུང་བ། གདེང་འཇོག་རིམ་པ་བདུན་པ་ནས་བཅུ་པ་བར་གྱིས་རྨོ་ཞིང་རྒྱ་ཁྱོན་གྱི་བསྡུར་ཚད་27.9%བཟུང་ཡོད་པ་རེད།