འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུང་བྱིས་པའི་དུས་ནས་རྒྱའི་སྐད་ཡིག་སྦྱོང་རྒྱུར་དམ་འཛིན་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱ་སྐད་དང་དབྱིན་སྐད་སློབ་པའི་ལོན་ཏོན་གྱི་སློབ་གྲྭ་དང་པོ“ཁེན་ཤིན་ཏུན་ཝུའེ་ཏེ་སློབ་གྲྭས”2017ལོར་སློབ་མ་བསྡུ་རྒྱུ་རེད། སློབ་མ་བསྡུ་བའི་ལོ་ཚད་ལོ་གསུམ་ནས་བཅུ་གསུམ་བར་ཡིན་པ་དང་། སློབ་ཁྲིད་བྱེད་སྟངས“ཞི་གནས”ལ་བརྟེན་ནས་སློབ་ཕྲུག་ཚོར་སྐད་བརྡར་བྱང་གོམས་ཡོང་བ་བྱ་རྒྱུ་རེད། དེ་གོང“བུ་ཕྲུག་གྲགས་ཅན་ཡོང་བར་རེ་འདུན་བྱེད་པ”ཞེས་པའི་སྐད་གཉིས་བུ་བཅོལ་ཁང་ཞིག་2015ལོའི་ཟླ་ལྔ་པར་ཚ་ཚ་འུར་འུར་ངང་ལོན་ཏོན་ལ་བཙུགས་པར་དབྱིན་ཇི་བའི་དགའ་བསུ་ཐོབ་ཡོད།
        “བུ་ཕྲུག་གྲགས་ཅན་ཡོང་བར་རེ་འདུན་བྱེད་པ”ཞེས་པའི་བུ་བཅོལ་ཁང་གཉེར་མཁན་གཡོད་ཧན་ནི། ཀྲུང་གོའི་རིག་གནས་ལ་དགའ་ཞེན་ཡོད་མཁན་ཞིག་ཡིན། གཡོད་ཧན་སློབ་ཆེན་སྐབས་རྒྱའི་སྐད་ཡིག་གཙོ་བོར་སྦྱངས་པ་དང་། སློབ་གྲྭ་ཐོན་རྗེས་ཀྲུང་གོར་ཆབ་སྲིད་དང་སློབ་གསོའི་བློ་འདོན་གྱི་ལས་ཀ་བྱས། ཁོང་གིས“ཕྲུ་གུ་ཚོ་སྔ་ཙམ་རྒྱ་སྐད་རྒྱུག་པོ་ཞིག་ཤོད་ཐུབ་ནས་སྦྱངས་པའི་རྒྱའི་སྐད་ཡིག་མི་བརྗེད་པ་དང་ཆབས་ཅིག་རིག་གནས་མི་འདྲ་བར་འཛིན་པའི་ཕྱོགས་རེའི་ལྟ་བའང་འདོར་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།
        དོན་དམ་པར་དབྱིན་ཇིའི་སློབ་གྲྭ་ཆེན་མོ་དང་སློབ་འབྲིང་མང་དག་ལ་ལོ་མང་པོའི་གོང་ནས་རྒྱའི་སྐད་ཡིག་གི་སློབ་ཚན་ཁྲིད་པ་དང་། ཁུང་ཙིའི་སློབ་གླིང་དང་ཁུང་ཙིའི་སློབ་ཚན་ཡང་སྤང་ལ་མེ་སྟག་མཆེད་པ་བཞིན་དབྱིན་ཇིའི་ལུང་པ་མང་པོར་ཁྱབ་ཡོད། སྨྱུག་འཛིན་པས་དབྱིན་ཇིའི་ལྷོ་ཕྱོགས་ཀྱི་གྲགས་ཅན་གྱི་པུའུ་ལེ་ཏུན་གཞུང་བཙུགས་སློབ་གྲྭར་བཅར་འདྲི་བྱེད་མྱོང་། ལོ་བརྒྱའི་ལོ་རྒྱུས་ལྡན་པའི་སློབ་གྲྭ་རྙིང་པ་དེར་2006ལོར་རྒྱའི་སྐད་ཡིག་སྦྱང་བྱའི་སློབ་ཚན་གཙོ་བོར་བརྩིས་པ་ནས་བཟུང་ཕྲུ་གུ་ཚོས་ལོ་མང་སྦྱངས་པ་བརྒྱུད་ད་ཆ་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་ཐུབ་ཀྱི་ཡོད། ལོན་ཏོན་ཕུའུ་ཐི་སི་མིའར་སློབ་འབྲིང་གི་རྒྱ་ཡིག་སློབ་ཁྲིད་ལམ་ལྷོང་བྱུང་ཡོད། སྨྱུག་འཛིན་པས་བཅར་འདྲི་བྱེད་སྐབས། སློབ་མ་ཚོས་ཤུས་ཀྲེ་མོའི་《ཡང་བསྐྱར་ཁང་ཆའོ་དང་གྱེས་པ་》ཞེས་པ་ངག་ཏུ་འདོན་པ་དང་། དེ་ནས་རྒྱ་གཞས་《ཟླ་བས་ངའི་སེམས་པ་མཚོན་》ཞེས་པ་བཏང་བས་བག་ཆགས་ཟབ་མོ་བྱུང་།
         དབྱིན་ཇིའི་རིག་གནས་ཨུ་ལྷན་གྱི་ཞིབ་འཇུག་སྙན་ཞུ་ཞིག་ནང་། རྒྱའི་སྐད་ཡིག་ནི་དབྱིན་ཇིའི་འབྱུང་འགྱུར་གྱི་དར་རྒྱས་དང་། བདེ་འཇགས། ཤུགས་རྐྱེན་ཐེབས་ཤུགས་བཅས་དང་འབྲེལ་བའི་ཕྱིའི་སྐད་ཡིག་གལ་ཆེན་གྲས་ཡིན་ཞེས་འཁོད་ཡོད། 2016ལོའི་ཟླ་དགུ་པར་དབྱིན་ཇིའི་སློབ་གསོ་པུས་རྒྱལ་ཡོངས་སུ“རྒྱའི་སྐད་ཡིག་གི་སློབ་ཁྲིད་གྲུབ་འབྲས་ཕུལ་བྱུང”ཞེས་པའི་རྣམ་གྲངས་ཤིག་བཙུགས་ནས་2020ལོའི་གོང་དབྱིན་ཇིའི་ལོ་རིམ་བདུན་པའི་(ཀྲུང་གོའི་དམའ་རིམ་སློབ་འབྲིང་གི་ལོ་རིམ་དང་པོ་ཡིན་པ་)སློབ་མའི་ཁྲོད་ནས་རྒྱ་སྐད་རྒྱུག་པོ་རྒྱག་ཤེས་པའི་སློབ་མ་ཉུང་མཐར་5000འདེམས་པ་དང་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་ཡོད་ཚུལ་ཁྱབ་བསྒྲགས་བྱས་ཡོད།
       མིག་རྒྱང་རིང་བའི་དབྱིན་ཇིའི་ཁྱིམ་བདག་གིས་ཕྲུ་གུར་རྒྱའི་སྐད་ཡིག་སྦྱོང་དུ་བཅུག་ནས་མི་ཚེའི་གོམ་པ་དང་པོ་འཕྱུགས་མེད་ཅིག་སྤོ་ཐུབ་པ་བྱེད་བཞིན་ཡོད། དེར་བརྟེན་《ཐེའུ་ཝུའུ་ཚགས་པར་》ཐོག་སྐད་གཉིས་སློབ་ཁྲིད་བྱེད་སྟངས་ཡག་པོ་ཞིག་བྱུང་ཚེ་དབྱིན་ཇིས་མུ་མཐུད་སྐད་གཉིས་ཀྱི་སློབ་གྲྭ་མང་པོ་བཙུགས་ནས་དབྱིན་ཇི་དང་ཀྲུང་གོའི་སློབ་ཁྲིད་བྱེད་སྟངས་སྤྱོད་རྒྱུ་ཡིན་ཞེས་འཁོད་ཡོད།
       དབྱིན་ཇིའི་རིག་གནས་མཐུན་ཚོགས་ཀྱི་སྙན་ཞུའི་ནང་། 2020ལོར་སླེབས་སྐབས། རྒྱལ་ཁབ་བཞིའི་ལོ་བཅོ་བརྒྱད་ནས་ཉེར་གཉིས་བར་གྱི་གཞོན་ནུའི་མི་འབོར་གྱིས་གོ་ལ་ཧྲིལ་པོའི་གཞོན་ནུའི་མི་འབོར་གྱི་ཕྱེད་ཀ་ཡན་ཟིན་པའི་ཁྲོད་ཀྲུང་གོ་ཚུད་ཡོད་ཅེས་བསྟན་ཡོད། དེས་ན་ཀྲུང་གོས་རྒྱལ་སྤྱིའི་སློབ་གསོའི་ཁྲོད་གནས་བབ་གལ་ཆེན་གཟུང་རྒྱུ་ཡིན། རྒྱུ་མཚན་ནི། ཀྲུང་གོར་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་ཅིག་ཡོད་པ་མ་ཟད། ཕྱིར་གཏོང་བའི་སློབ་མ་མང་ཤོས་ཤིག་ཡིན་པ་དང་། གཞན་ཡང་། རྒྱའི་སྤྱི་སྐད་ཤེས་རྒྱུ་ནི་དབྱིན་ཇིའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་འཐབ་ཇུས་ཀྱི་དོན་སྙིང་ཆེན་པོ་ཡང་ལྡན་ཡོད། ད་ཆ་རྒྱའི་སྤྱི་སྐད་དེ་དབྱིན་ཇིའི་ཕྱི་འབྲེལ་དང་། རྒྱལ་ཕྲན་མཉམ་འབྲེལ་ལས་དོན་པུའུ། རྒྱལ་ཁབ་ཕྱིར་བཅའ་སྡོད་དབྱིན་ཇིའི་སྒྲིག་གཞི་གཞན་ལ་ཐུན་མོང་དུ་སྤྱོད་པའི་སྐད་ཀྱི་གྲས་སུ་གྱུར་ཡོད།
       དབྱིན་ཇིའི་སྤྱི་ཚོགས་ཚན་རིག་ཁང་ཕྱི་ཕྱོགས་ལས་དོན་གྱི་མགྲིན་ཚབ་པ་དགེ་རྒན་ཆེ་མོ་ཧྭ་ལེ་ཧྲེས“ད་བར་ང་ཚོས་སྤྱི་དམངས་ཀྱི་ཕྱི་རྒྱལ་སྐད་རྒྱག་པའི་ནུས་པ་མཐོ་རུ་གཏོང་རྒྱུར་མོས་མཐུན་བྱེད་ཀྱི་ཡོད། ད་ཆ་རྒྱའི་སྐད་ཡིག་སློབ་ཆེན་ཁག་ནང་སྦྱོང་བའི་སློབ་ཚན་བཟོས་ནས་སློབ་ཁྲིད་བྱེད་པའི་སྐད་ཡིག་གྲས་སུ་བཞག་ཡོད”ཅེས་བཤད། དེ་འདྲའི་འཐབ་ཇུས་ཀྱི་མཛུབ་ཁྲིད་ལ་བརྟེན་ནས་དབྱིན་ཇིའི་རྒྱའི་སྐད་ཡིག་སློབ་ཁྲིད་དེ་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་ཏེ་འབྲས་བུ་དངོས་དངོས་རྗེན་རྗེན་དུ་ཐོན་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།