འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡའི་ཐག་རིང་གྲོང་རྡལ་ཆུང་ངུར་རྒྱ་ཡིག་སྦྱོང་བའི་ཚ་རླབས་འཕྱུར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའོ་ལོ་ཤས་རིང་། ཀྲུང་ཨོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་སུ་འགྲོ་བ་དང་ཆབས་ཅིག་ཀྲུང་གོ་བ་དང་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨོ་སི་ཁྲུ་ལི་ཡར་བསྐྱོད་པས་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ཡང་མང་དུ་ཕྱིན་ཡོད། ད་ཆ་རྒྱ་ཡིག་སྦྱོང་བའི་ཚ་རླབས་ཤིས་ཉི་དང་མོའར་པེན་སོགས་གྲོང་ཁྱེར་ཆེན་པོ་ནས་ཨོ་སི་ཁྲུ་ལི་ཡའི་ཐག་རིང་གྲོང་རྡལ་ཆུང་ངུ་བར་ཁྱབ་ཡོད་པ་དཔེར་ན། ནུབ་ཨོ་སི་ཁྲུ་ལི་ཡ་ཀྲོའུ་ཡི་གྲོང་རྡལ་ཆུང་ངུ་ཁུ་ནུ་ན་ལའི་སློབ་ཆུང་དུ་རྒྱ་ཡིག་སློབ་ཚན་འདི་ཉིད་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་གྱུར་ཡོད།
        ཁུ་ནུ་ན་ལར་མི་7000ལྷག་ཙམ་ཡོད་པ་དང་ཞིང་ལས་འདེབས་འཛུགས་ནི་གྲོང་རྡལ་ཆུང་ངུ་དེའི་ཀ་རྟེན་ཐོན་ལས་ཡིན། ས་གཤིས་ཀྱི་གནས་ཡུལ་ལུང་ཞུགས་ཡིན་པས་ཡུལ་དེ་གའི་གྲོང་མིར་ཤིས་ཉི་དང་མོའར་པེན་སོགས་གྲོང་ཁྱེར་ཆེན་པོར་འགྲོ་བའི་གོ་སྐབས་མང་པོ་མེད། 2013ལོར་ཀྲུང་གོའི་མ་འཇོག་ཁེ་ལས་ཅིན་པོ་ལི་ཞིང་ལས་ཐོན་ལས་མ་འཇོག་ཚད་ཡོད་ཀུང་སི(KAI)དེ་གར་ཞིང་ལས་འདེབས་འཛུགས་གསར་སྤེལ་བྱེད་པར་ཡོང་བས་གྲོང་རྡལ་དེའི་གྲོང་མིས་ཀྲུང་གོའི་རིག་གནས་ལ་རྒྱུས་མངའ་བྱུང་བ་མ་ཟད། སྦྱོང་འདོད་ཆེན་པོ་སྐྱེས་ནས་སློབ་གྲྭར་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱེད་དགོས་པའི་རེ་བ་འདོན་མཁན་མང་པོ་བྱུང་ཡོད།
        ཁུ་ནུ་ན་ལར་སློབ་གྲྭ་གཅིག་ལས་མེད་ཅིང་། སློབ་གྲྭ་དེར་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་ཆ་ཚང་ཡོད། མིག་སྔར་རྒྱ་ཡིག་ནི་སློབ་ཆུང་ལོ་རིམ་གསུམ་པ་ནས་དྲུག་པ་བར་གྱི་སློབ་མས་སྦྱོང་དགོས་ངེས་ཀྱི་སློབ་ཚན་དུ་གྱུར་ཡོད། ཕྲུ་གུ་ཚོར་རྒྱ་ཡིག་སློབ་གསོ་ལེགས་པོ་ཐོབ་ཆེད་སློབ་གྲྭས་འདི་ལོའི་ལོ་སྟོད་དུ་ཆེད་མངགས་པོ་སི་ནས་རྒྱ་ཡིག་དགེ་རྒན་ཞིག་གདན་ཞུ་བྱས་པ་རེད།
        སློབ་གྲྭའི་སློབ་སྤྱི་གཞོན་པ་ཏ་ལུན·ཤིན་ཕུའུ་སེན་གྱིས་ཧ་ལམ་ལོ་གཉིས་གོང་ཡུལ་དེ་གའི་སློབ་ཕྲུག་གི་ཁྱིམ་བདག་ཚོས་སློབ་གྲྭར་ཕྱི་སྐད་སློབ་ཚན་བཀོད་སྒྲིག་བྱས་ནས་སློབ་ཕྲུག་ཚོས་རྒྱལ་ཁབ་གཞན་དག་གི་རིག་གནས་དང་སྐད་ཡིག་ལ་རྒྱུས་མངའ་ཡོང་རྒྱུའི་རེ་བ་བཏོན་ཡོད། དེ་དང་དུས་མཚུངས་ཀྲུང་གོའི་མ་འཇོག་ཁེ་ལས་KAIཡིས་ཡུལ་དེར་མ་འཇོག་ཤུགས་ཆེན་བྱས་པས་ཡུལ་དེ་གའི་གྲོང་མིས་ཀྲུང་གོའི་རིག་གནས་སྦྱོང་འདོད་ཀྱི་བློ་དེ་བས་ཆེ་རུ་ཕྱིན་ཡོད། དེར་བརྟེན་སློབ་གྲྭས་གོ་སྐབས་བཟང་པོ་དེ་སྤྱད་ནས་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་པས་ཡུལ་དེ་གའི་དངོས་ཡོད་དགོས་མཁོ་དང་སློབ་གསོ་སྔར་བས་ཟུང་འབྲེལ་ཐུབ་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།
        ཤིན་ཕུའུ་སེན་གྱིས་ཁུ་ནུ་ན་ལའི་སློབ་གྲྭ་འདི་ནི་ནུབ་ཨོ་སི་ཁྲུ་ལི་ཡ་ཀྲོའུ་ཡི་ས་ཐག་རིང་ཤོས་ཀྱི་སློབ་གྲྭའི་གྲས་ཤིག་ཡིན་པ་དང་རྒྱ་ཡིག་སྦྱོང་རྒྱུ་དེ་འདི་གའི་སློབ་ཕྲུག་ངོས་ནས་བརྗོད་ན་ཧ་ཅང་དགོས་གལ་ཆེན་པོ་ཞིག་རེད། “བུ་ཕྲུག་གིས་ཀྲུང་གོའི་རིག་གནས་ལ་རྒྱུས་མངའ་ལོན་རྒྱུ་བྱུང་བར་ཁྱིམ་བདག་ཚོ་ཧ་ཅང་དགའ་པོ་བྱེད་པ་ཁྱེད་ཀྱིས་མཐོང་ཐུབ”ཅེས་བཤད་བྱུང་།
        གསར་འགོད་པ་སློབ་ཁང་དུ་སླེབས་སྐབས་རྒྱ་ཡིག་དགེ་རྒན་ལི་ཡུས་ཞོན་དང་སློབ་ཕྲུག་དབར་སྤེལ་རེས་བྱེད་བཞིན་འདུག སློབ་ཁང་གི་ཕྱོགས་གང་སར་ཀྲུང་གོའི་རྒྱལ་དར་དང་། ཁྲ་མའི་སྦྱར་རིས། རྒྱ་ཡིག་གི་སྦྱོར་ཀློག་སོགས་ཀྲུང་གོའི་གཞི་རྒྱུ་མཐོང་རྒྱུ་འདུག ལིའུ་ཡུས་ཞོན་གྱིས་སློབ་གྲྭར་འཛིན་གྲྭ་12ཀྱི་སློབ་ཕྲུག་300ལྷག་ཙམ་གྱིས་རྒྱ་ཡིག་སློབ་གསོ་དང་ལེན་བྱེད་པ་དང་འཛིན་གྲྭ་རེས་གཟའ་འཁོར་རེར་སློབ་སྦྱོང་ཆུ་ཚོད་1བྱེད་ཀྱི་ཡོད། ཐ་སྙད་ཁག་གཅིག་སློབ་ཁྲིད་བྱེད་པ་ཕུད། ལིའུ་ཡུས་ཞོན་གྱིས་ཞབས་བྲོ་དང་གཡོལ་སྦྱོར་སོགས་ལག་ལེན་དངོས་ཀྱི་ཐོག་ནས་སློབ་ཕྲུག་ཚོས་ཀྲུང་གོའི་རིག་གནས་ལ་ཐད་ཀར་རྒྱུས་མངའ་ཡོང་བ་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
        ལིའུ་ཡུས་ཞོན་གྱིས་རྒྱ་ཡིག་སློབ་གསོར་སློབ་གྲྭའི་དགེ་སློབ་དང་སློབ་མའི་ཁྱིམ་བདག་ཚོས་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། ཁོང་ཚོས་རྒྱ་ཡིག་སློབ་སྦྱོང་བྱེད་པར་བརྟེན་ནས་འབྱུང་འགྱུར་ཡུལ་དེ་གའི་ཀྲུང་གོའི་མ་འཇོག་ཁེ་ལས་སུ་ལས་ཞུགས་གོ་སྐབས་དེ་བས་མང་བ་ཐོབ་པ་དང་ཕྱི་ཁོངས་ཀྲུང་གོ་བའི་སྡེ་ཁུལ་དང་འབྲེལ་བ་ཟབ་ཏུ་གཏོང་ཐུབ་པ་མ་ཟད། ཁོང་ཚོར་རྒྱལ་སྤྱིའི་ཐོག་འགྲན་རྩོད་ནུས་པ་དེ་བས་ཆེ་བ་ལྡན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།