མི་དམངས་དྲ་བ།

༄༅།།དམངས་འདོད་བརྟག་དཔྱད་ཐོག་ནས་རུལ་རྒོལ་ལས་དོན་གྱི་ཕན་འབྲས་ལ་མང་ཚོགས་བརྒྱ་ཆ་
དགུ་བཅུས་བློ་ཡིད་ཚིམ་པོ་བྱེད་པ་མངོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུད་ཀྱི་མངགས་བཅོལ་ལྟར་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་2016ལོའི་ཟླ་བཅུ་པའི་ཟླ་མཇུག་ནས་ཟླ་བཅུ་གཅིག་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱ་བར་དམངས་འདོད་བརྟག་དཔྱད་བྱས་ཤིང་། བརྟག་དཔྱད་སྙན་ཞུའི་ཐོག་ནས། མང་ཚོགས་92.9%ཡིས་ཏང་སྲོལ་ཏང་སྲིད་འཛུགས་སྐྱོང་དང་རུལ་རྒོལ་ལས་དོན་གྱི་ཕན་འབྲས་ལ་བློ་ཡིད་ཚིམ་པ་བྱེད་པ་མངོན་པ་དེ2012ལོ་ལས་བརྒྱ་ཆའི་གྲངས་17.9མཐོ་རུ་སོང་ཡོད།
          བརྟག་དཔྱད་སྙན་ཞུ་ལས། ལོ་གོང་མ་དང་བསྡུར་ཚེ། 2016ལོར་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་། ཡིད་ཆེས་ཐོབ་ཚད། མཐོང་བྱེད་ཚད། ཚོད་འཛིན་བྱེད་ཚད་བཅས་ཀྱི་ཚད་གཞི་ཚང་མ་མཐོ་རུ་སོང་བ་སྟེ། མང་ཚོགས་93.1%གིས་རུལ་སུངས་ཀྱི་སྣང་ཚུལ་ཐོན་རྒྱུ་འགོག་པར་ཡིད་ཆེས་ཡོད་ཚུལ་བསྟན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་13.8འཕར་བ་དང་། མང་ཚོགས་93.0%གྱིས་རང་གནས་ཡུལ་གྱི་ས་ཁུལ་དང་། སྡེ་ཚན། ཚན་པའི་ཏང་སྲིད་འགོ་ཁྲིད་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་མཐོང་ཆེན་པོ་བྱེད་པའི་ངོས་འཛིན་བྱེད་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་12.8མཐོ་རུ་ཕྱིན་པ། མང་ཚོགས་90.9% ཡིས་ད་ཆའི་ཏང་ཡོན་ལས་བྱེད་པའི་སྒྲིག་ལམ་ལས་འགལ་བའི་གྱོད་གཞི་ཐོན་མང་དུ་འགྲོ་རྒྱུ་འགོག་ཐུབ་པའི་ངོས་འཛིན་བྱེད་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་5.5ཡིས་མཐོ་རུ་སོང་བ་བཅས་མངོན་ཡོད།
           བརྟག་དཔྱད་སྙན་ཞུའི་ནང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་ཁག་ལ་མི་དམངས་མང་ཚོགས་ཀྱིས་ཚད་མཐོའི་ཁས་ལེན་བྱེད་པ་སྟེ། མང་ཚོགས་92.1%གིས་2016ལོར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང“སྤྱོད་ཚུལ་བཞིའི”གནད་དོན་མུ་མཐུད་ཡོ་བསྲང་བྱས་པར་ཕན་འབྲས་ཐོན་པའི་ངོས་འཛིན་བྱེད་པ་དེ་2013ལོ་ལས་བརྒྱ་ཆའི་གྲངས་10.8མཐོ་རུ་སོང་བ་དང་། མང་ཚོགས་90.1%གིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་ལ་ཕན་འབྲས་ཐོན་པའི་ངོས་འཛིན་བྱེད་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་18.1མཐོ་རུ་ཕྱིན་པ་བསྟན་ཡོད།
           བརྟག་དཔྱད་སྙན་ཞུ་ལས། ད་ཆ་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བའི་མངོན་ཚུལ་གཙོ་བོ་གཤམ་གསལ་གྱི་ཕྱོགས་ཁག་ནས་མངོན་པ་སྟེ། མང་ཚོགས་40.0% ཡིས་རུལ་སུངས་རྟག་ཏུ་ཐོན་སྲིད་པ་དང་ད་དུང་བསྡད་ཡོད་པའི་ངོས་འཛིན་བྱེད་པ་དེ་ཨང་དང་པོར་སླེབས་པ་དང་། མང་ཚོགས་25.4%ཡིས་སྒྲིག་གཞི་དང་ལམ་སྲོལ་སོགས་གདིང་རྩའི་གནད་དོན་མུ་མཐུད་ཐག་གཅོད་ཡག་པོ་བྱེད་དགོས་པའི་ངོས་འཛིན་བྱེད་པ་དེ་ཨང་གཉིས་པར་སླེབས་པ། མང་ཚོགས་21.1%གིས“སྤྱོད་ཚུལ་བཞིའི”གནད་དོན་གྱི་ཕྱིའི་རྣམ་པ་བསལ་ཡང་འབྱུང་རྩ་མུ་མཐུད་གནས་པས་བསྐྱར་ལོག་གི་གནོན་ཤུགས་ཡོད་པའི་ངོས་འཛིན་བྱེད་པ་དེ་ཨང་གསུམ་པར་སླེབས་པ་བཅས་དང་། ད་ཆ་ཁྱབ་ཁོངས་འགའི་ལུགས་དང་མི་མཐུན་པའི་སྤྱོད་ཚུལ་དང་རུལ་རྒོལ་གནད་དོན་མུ་མཐུད་མངོན་གསལ་དོད་པའི་སྐོར་ལ། མང་ཚོགས་49.0%ཡིས་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་ཐད་ཡིན་པའི་ངོས་འཛིན་བྱེད་པ་དེ་ཨང་དང་པོར་སླེབས་པ་དང་། མང་ཚོགས་47.9%ཡིས་མི་འདེམས་སྤྱོད་ཐད་ཡིན་པའི་ངོས་འཛིན་བྱེད་པ་དེ་ཨང་གཉིས་པར་སླེབས་པ། མང་ཚོགས་39.6%གིས་ལས་གྲྭའི་རྣམ་གྲངས་དང་། གཏེར་ཁའི་ཐོན་ཁུངས། ས་ཞིང་ནང་བཤུག་ཐད་ཡིན་པའི་ངོས་འཛིན་བྱེད་པ་དེ་ཨང་གསུམ་པར་སླེབས་པ། མང་ཚོགས་39.0%ཡིས་དབུལ་སྐྱོར་དང་དམངས་ཕན་མ་དངུལ་དོ་དམ་ཐད་ཡིན་པའི་ངོས་འཛིན་བྱེད་པ་དེ་ཨང་བཞི་པར་སླེབས་པ། མང་ཚོགས་34.2%ཀྱིས་སྲིད་འཛིན་ཞིབ་མཆན་འགོད་པའི་ཐད་ཡིན་པའི་ངོས་འཛིན་བྱེད་པ་དེ་ཨང་ལྔ་པར་སླེབས་པ་བཅས་མངོན་ཡོད།
           ཡང་བརྟག་དཔྱད་སྙན་ཞུ་ལས། གོང་གསལ་གྲངས་གཞི་དེ་དག་གིས་ད་ཆའི་ཏང་དོ་དམ་དང་ཏང་ནན་སྐྱོང་ཐད་ཀྱི་ལྷུག་པ་དང་། ནུས་མེད། ཟབ་ཟོབ་བཅས་ཀྱི་གནད་དོན་ལ་རྩ་བ་ནས་འགྱུར་ལྡོག་གཏོང་ཐུབ་མེད་པས་རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བར་བརྟེན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་འགན་སྔར་ལྟར་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ལྡན་པར་ལྷོད་གཡེང་ཏིལ་འབྲུ་ཙམ་ཡང་གཏོང་མི་ཉན་པ་བསྟན་ཡོད།
           ད་རེས་ཀྱི་བརྟག་དཔྱད་ནང་བབ་བསྟུན་འཐེན་བཤེར་དང་ཐེམ་དུད་ལ་བསྐྱོད་ནས་བརྟག་བཤེར་བྱེད་པའི་ཐོག་ནས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)21གི་ཐེམ་དུད་25200ལ་དཔེ་འཐེན་བརྟག་དཔྱད་བྱས་པའི་ནང་བཅར་འདྲི་བྱ་ཡུལ་མང་ཚོགས་8945ཡིས་ལན་འཕྲིན་བཞག་པ་དེས་35.5%བཟུང་ཡོད།