འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་ཁྱེར་ཞིག་སྒྱུ་རྩལ་དབང་གིས་འཛམ་གླིང་དང་དམ་པོར་སྦྲེལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 1947ལོར་གཉེར་ནས་ད་བར་ལོ་གཅིག་དུས་གཅིག་གི་ཨའེ་ཏིང་པའོ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་དང་ཁྲོམ་གཞུང་རང་མོས་སྒྱུ་རྩལ་དུས་ཆེན་གྱིས་སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་དང་སྣེ་མང་ཅན་གྱི་སྒྱུ་རྩལ་ཉམས་འགྱུར་ལ་བརྟེན་ནས་འཛམ་གླིང་གི་འཁྲབ་སྟོན་སྒྱུ་རྩལ་ཁྱབ་ཁོངས་ནང་གནས་བབ་གལ་ཆེན་བཟུང་ཡོད། སྒྱུ་རྩལ་དུས་ཆེན་འཆར་བ་དང་བསྟུན་ནས་ཨའེ་ཏིང་པའོ་གྲོང་ཁྱེར་འདི་ཉིད་འཛམ་གླིང་གི་གར་སྟེགས་སུ་གྱུར་ཡོད། ལྟད་མོ་ཆེ་བའི་ཟློས་གར་4000ལྷག་ཙམ་འདི་གར་འཁྲབ་འགོ་བཙུགས་པས་གོ་ལ་ཧྲིལ་པོའི་ཡུལ་སྐོར་བ་དང་། གཟིགས་མོ་བ། ཆེད་ལས་མི་སྣ་བཅས་ཁྲི་བརྒྱ་ཙམ་གཅིག་རྗེས་གཉིས་མཐུད་ངང་ཡོང་རྒྱུའི་ཡིད་དབང་བཀུག་ནས་དེ་གར་གནས་ཟོས་བདེ་པོས་ཟློས་གར་མྱོང་རོལ་དང་འདེམས་སྒྲུག་རྒྱག་བཞིན་ཡོད།
        ཉེ་ཆར། གཉེར་བའི་ཨའེ་ཏིང་པའོ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་ཁྲོམ་གཞུང་རང་མོས་སྒྱུ་རྩལ་དུས་ཆེན་གྱི་སྤ་སེ་འཚོང་ཚད་མཐོ་པོ་ཡོད་ཅིང་། ཨའེ་ཏིང་པའོ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱིས་སྤ་སེ་ཁྲི་12.93བཙོངས་པར་བྲིན་ཚོང་ཡོང་འབབ་དབྱིན་སྒོར་ཁྲི་420བྱུང་བ་དང་། ཁྲོམ་གཞུང་རང་མོས་སྒྱུ་རྩལ་དུས་ཆེན་ཐོག་གཟའ་འཁོར་གསུམ་རིང་རྒྱལ་ཁབ་48ནས་ཡོང་བའི་སྒྱུ་རྩལ་ཚོགས་པའི་རུ་ཁག་གིས་འགྲེམས་སྟོན་དང་འཁྲབ་སྟོན་ཐེངས་ཁྲི་55ཙམ་བྱས་པར། སྤ་སེ་ཁྲི་250ཙམ་བཙོངས་ཡོད། 2015ལོར་ཨའེ་ཏིང་པའོ་སྒྱུ་རྩལ་དུས་ཆེན་སྐབས་ཨའེ་ཏིང་པའོ་གྲོང་ཁྱེར་ལ་ཡོང་འབབ་དབྱིན་སྒོར་དུང་ཕྱུར་2.8བྱུང་བ་མ་ཟད། སུའུ་ཀེ་ལན་ས་ཁུལ་ཡོངས་ལའང་སྒྱུ་རྩལ་དུས་ཆེན་ལས་དབྱིན་སྒོར་དུང་ཕྱུར་3.13གྱི་ཁེ་བཟང་རག་ཡོད། དུས་ཆེན་གཉེར་སའི་དཔལ་འབྱོར་ཡོང་འབབ་ལ་སྐུལ་འདེད་ཐེབས་ཚད་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་ཨོ་རྩལ་འགྲན་ཚོགས་དང་འཛམ་གླིང་རྐང་རྩེད་སྤོ་ལོ་བུམ་པའི་འགྲན་བསྡུར་གཉེར་བ་དང་ཧ་ལམ་འདྲ་པོ་ཡོད།
        2015ལོ་དང་བསྡུར་ན་2016ལོའི་ཨའེ་ཏིང་པའོ་རྒྱལ་སྤྱིའི་མཚན་རྐྱང་པའི་ཟློས་གར་དང་ཞབས་བྲོར་བཀྲག་མདངས་འཚེར་ས་གང་མང་ལྡན་པ་དང་འཕེལ་རྒྱས་འགྲོ་ཕྱོགས་སྔར་བས་ན་གཞོན་ཅན་དང་དམངས་ཚོགས་ཅན་དུ་འགྱུར་བཞིན་ཡོད། དཔེར་ན། དབྱིན་ཇིའི་ཟློས་གར་དང་དེ་བཞིན་རོལ་དབྱངས་ཟློས་གར་གྱི་བྱ་དགའ་ཆེན་པོ་ཨའོ་ལི་ཧྥོ་བྱ་དགའ་དང་ཨ་རིའི་གཏམ་བརྗོད་ཟློས་གར་དང་རོལ་དབྱངས་ཟློས་གར་གྱི་བྱ་དགའ་རིམ་པ་མཐོ་ཤོས་ཐུའོ་ཉི་བྱ་དགའ་ཐོབ་མྱོང་བའི་སུའུ་ཀེ་ལན་གྱི་འཁྲབ་སྟོན་པ་ཨའེ་ལུན·ཁ་མིང་གིས་སྒྱུ་རྩལ་དུས་ཆེན་ཐོག་ཟླ་བ་གཅིག་ཙམ་སྤྱད་ནས་འཁྲབ་སྟོན་བྱས་པས་ཁོང་གི་གླུ་སྒྲ་མི་རྣམས་ཡིད་དབང་འཕྲོག་དགོས་པ་ཞིག་ཡོད་ལ་སྒྲ་སྐྱེད་མཐོ་དམན་གྱི་ཚད་ཀྱང་ཧ་ཅང་རན་པོ་ཞིག་ཡོད།
        ད་དུང་མི་རྣམས་ཧང་སངས་དགོས་པ་ཞིག་ལ་དགོད་བྲོའི་ཟློས་གར་མཁས་ཅན་ཀྲུའུ་པེ་ལིན་གྱི་ཚ་བོ་ཀྲན་མུའུ་སི·ཐེ་རུའེ་ཡིས་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་གཙོ་བོའི་འགན་གཅིག་ལྕོགས་འཁུར་བའི་རྟ་རྩེད་སྒྱུ་རྩལ་གསར་པའི་བརྩམས་ཆོས་ཆེ་གྲས་《སྦལ་པས་ཤེས་》ཞེས་པར་སྤྱིར་བཏང་རང་བཞིན་གྱི་ཟློས་གར་གྱི་ནང་དོན་ནམ་ཡང་ན་འཁྲབ་སྟོན་རིགས་དབྱེའི་ཐོག་ནས་མཚན་ཉིད་འཇོག་རྒྱུ་མེད། བརྩམས་ཆོས་དེ་ནི་ཞབས་བྲོ་དང་། བསྟན་བཤིག་འཁྲབ་རྩལ། རྟ་རྩེད་སྒྱུ་རྩལ་གསར་པ། སྒྲིག་ཆས་སྒྱུ་རྩལ། དགོད་བྲོའི་ཟློས་གར་སོགས་ཀྱི་སྒྱུ་རྩལ་རིགས་གཞི་གཅིག་ཏུ་འདུས་པའི་མཁའ་རྟ་ནམ་མཁར་ཐོགས་མེད་རྒྱུག་པ་ལྟར་གྱི་མཉམ་སྒྲིག་གི་སྒོ་ནས་རྩེག་སྣོན་བྱས་པ་ཞིག་ཡིན་པས་དེ་ནི་ཞིབ་ཚགས་ལ་བརྗོད་བྱ་ཧ་ཅང་ཁ་གསལ་པོ་ཞིག་ཡོད།
        སུའུ་ཀེ་ལན་གྱི་གྲགས་ཅན་གྱི“སྟོང་ལའི་མཚམས་ཀྱི་ཟློས་གར་ཚོགས་པའི”བརྩམས་ཆོས་གཉིས་འདི་ལོ་ཨའེ་ཏིང་པའོ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་གར་སྟེགས་ཐོག་འཁྲབ་སྟོན་བྱས་པར་དམིགས་བསལ་གྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། གཞན་ཡང་དགའ་བ་འཕེལ་བའི་བརྩམས་ཆོས་《ངའི་སེམས་དབུས་》ཞེས་པས་གཟིགས་མོ་བ་རྣམས་ལ་རང་ཉིད་མཚེའུ་ངོགས་སུ་སླེབས་པ་ལྟར་གྱི་སྣང་བ་སྟེར་གྱི་ཡོད། དགའ་བ་འཕེལ་བ་དང་། སྤྲོ་སྣང་ལྡན་པ། དགོད་བྲོ་བ། བསམ་དོན་མི་འདྲ་བ་བཅས་ཀྱི་སྒྱུ་རྩལ་གྱི་སྟོན་མོར་ཅི་དགར་རོལ་དུས་འཁྲབ་མཁན་གྱི་བརྗོད་གཏམ་དང་འཁྲབ་སྟོན་རྒྱུན་གཏན་ལྟར་ཡིན་རུང་མི་རྣམས་ལ་འཁྲབ་སྟོན་གཞན་དང་མི་འདྲ་བའི་བག་ཆགས་ཟབ་མོ་ཞིག་ངང་ངམ་ཤུགས་ཀྱིས་སྟེར།
        རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་བཟོ་སྐྲུན་ཆེ་མོ་དང་བསྡུར་ན་ཨའེ་ཏིང་པའོ་ཁྲོམ་གཞུང་རང་མོས་སྒྱུ་རྩལ་དུས་ཆེན་ཐོག་འཁྲབ་སྟོན་བྱེད་པའི་ཟློས་གར་གྱི་རྣམ་གྲངས་མང་ཆེ་བར་སྔར་ནས་ད་བར་གྱི་སྣ་མང་རང་བཞིན་དང་ངོ་མཚར་རང་བཞིན་རྒྱུན་མཐུད་བྱས་ཡོད། དེའི་ཁྲོད་ཀྱི་གཙོ་རྒྱུན་ཟློས་གར་རྣམ་གྲངས་དག་ནི་ཤེས་ཡོན་ཅན་དང་གཙོ་རྒྱུན་གཟིགས་མོ་བར་ཕྱོགས་ཡོད། 《འོ་མ》ཞེས་པ་ནི་དབྱངས་འགྲོས་ཧ་ཅང་མགྱོགས་པའི་ཟློས་གར་ཞིག་ཡིན་ཞིང་། དེའི་ཁྲོད་ཀྱི་ཕོ་མོ་ཆ་གསུམ་ནང་ནས་ཆ་གཅིག་ནི་ལོ་ཆུང་སློབ་གྲོགས་དང་། ཆ་གཞན་ཞིག་ནི་ཟླ་བོ་སྐྱེད་མར་འགྱུར་ལ་ཉེ་བའི་དར་མའི་བཟའ་ཚང་ཡིན་པ། ཆ་གཅིག་ཤོས་དེ་ནི་ན་སོ་གཞོན་དུས་གཅེས་ཕྲུག་འབའ་ཞིག་དེ་ཚེ་ལས་འདས་པའི་རྒན་རྒོན་བཟའ་ཚོ་ཡིན་པ་རེད། བརྩམས་ཆོས་ནང་གཞོན་ནུ་ལོ་ཆུང་གིས་བརྩེ་དུང་ལ་སྐོམ་པ་ཆུ་འདོད་ལྟར་སྣང་ཡང་བརྩེ་དུང་ཇི་འདྲ་འཆང་དགོས་མིན་མི་ཤེས་པ་དང་། དར་མས་ཚེ་སྲོག་ལ་ཚོད་འཛིན་ཚུལ་རང་ཉིད་གཙོ་བོར་བཟུང་ལུགས། རྒས་དུས་འཛམ་གླིང་གི་འགྱུར་ལྡོག་ལ་འགོག་རྒོལ་བྱེད་ལུགས་དང་འཇིགས་སྣང་སྐྱེ་ལུགས་བཅས་མཚོན་པར་བྱས་ཡོད།
        ཟློས་གར་ཕུད་སྣ་མང་རང་བཞིན་གྱི་འཁྲབ་སྟོན་སྒྱུ་རྩལ་གྱིས་ལོ་རྒྱུས་ཀྱི་གསུང་རབ་རྒྱ་སྐྱེད་རང་བཞིན་གྱི་གསར་སྤེལ་བྱས་ཤིང་། དེ་ནི་འདི་ལོའི་ཁྲོམ་གཞུང་རང་མོས་སྒྱུ་རྩལ་དུས་ཆེན་གྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ཤིག་རེད། པེར་ཀྲེམ་གྱི་《ང་ཚོ་དང་ཁོང་ཚོ་》ཞེས་པའི་བརྩམས་ཆོས་ནང་2004ལོའི་ཟླ་9ཚེས་1ཉིན་གྱི“པེ་སི་ལན་གྱི་མི་གཏའི་དོན་རྐྱེན”རྒྱབ་ལྗོངས་སུ་བྱས་ནས་ཁྲེ་ཁྲེང་གི་ཁ་གྱེས་རིང་ལུགས་ཀྱི་དྲག་ཆས་པས་ཨུ་རུ་སུའི་ལྷོ་རྒྱུད་བྱང་ཨའོ་སའོ་ཐི་སྤྱི་མཐུན་རྒྱལ་ཁབ་ཀྱི་པེ་སི་ལན་གྲོང་ཁྱེར་སློབ་འབྲིང་དང་པོར་བསླངས་པའི་དགེ་སློབ་དང་ཁྱིམ་བདག་1200བཙན་ཉར་བྱས་ནས་མི་གཏར་བརྩིས་པའི་འཇིགས་སྐུལ་བྱེད་སྤྱོད་རགས་ཙམ་མཚོན་པར་བྱས་ཡོད། གཞོན་ནུ་འཁྲབ་སྟོན་པ་ཚོས་དགའ་སྐྱོ་གཉིས་ལྡན་གྱི་འཁྲབ་སྟོན་བྱེད་སྟངས་དང་གསོན་ཉམས་དོད་པའི་གར་སྟེགས་ཉམས་འགྱུར་ལས་ལོ་རྒྱུས་དོན་རྐྱེན་ཚབས་ཆེན་དེ་ཉིད་བསྐྱར་མཚོན་བྱས་སྟབས་མི་རྣམས་ལ་མནོ་བསམ་གཏོང་དགོས་པ་ཞིག་དང་སེམས་འགུལ་ཐེབས་དགོས་པ་ཞིག་ཡོད།
       ཡུལ་ལྗོངས་མཛེས་ཤོས་དེ་ནམ་ཡང་ཟློས་གར་ཁང་ནང་ཡོད། ལོ་ལྟར་ལྟ་གི་ཡོད་རུང་ཟློས་གར་3000ལྷག་ཙམ་དུས་མཉམ་དུ་འཁྲབ་པའི་ཨའེ་ཏིང་པའོ་ཡིས་མི་རྣམས་ལ་ནམ་ཡང་ལྟ་བས་མི་ངོམ་པའི་སྤྲོ་སྣང་ཞིག་སྟེར་གྱི་ཡོད། རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་བཟོ་སྐྲུན་ཆེ་མོ་ཡིན་ནའང་འདྲ་ཡང་ན་ལོན་ཏོན་ནུབ་རྒྱུད་ཀྱི་རིག་གཞུང་གསར་རྙིང་དང་དབྱར་ཁའི་ཕོ་བྲང་གི་ཁེར་འཁྲབ་ཟློས་གར་གང་ཞིག་ཡིན་རུང་ཚང་མར་སྣ་མང་རང་བཞིན་དང་རིམ་པ་མང་བས་དབྱིན་ཇི་དང་ཐ་ན་རྒྱལ་སྤྱིའི་ཟློས་གར་གྱི་སྣོད་བཅུད་ཁྲོད་ཕུན་སུམ་ཚོགས་ལ་སྤྲོ་སྣང་རབ་འཕེལ་གྱི་སྒྱུ་རྩལ་སྣ་ཚོགས་པ་ཞིག་གྲུབ་ཡོད། ལྟད་མོར་ཅི་དགར་རོལ་རིང་སྐབས་འགར་སྤྲོ་སྣང་ཆེན་པོ་སྟེར་བ་དང་སྐབས་འགར་ཡིད་མུག་སྲིད། དུས་ཚོད་ནི་ཟློས་གར་ལ་བལྟས་ནས་ལང་ལོང་དུ་གཡོ་བའི་བསམ་བློའི་མྱོང་ཚོར་ཁྲོད་བཞུད་སྲིད་ལ་གྲོགས་པོ་དང་བགྲོ་གླེང་དང་བསྔགས་བརྗོད་བྱེད་རིང་ཡང་བཞུར་སྲིད།
      

    ཕྱོགས་བསྡུས་གསར་འགྱུར།