འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྩ་འཛུགས་མི་དོན་སྡེ་ཚན་གྱིས་ལས་བྱེད་པར་དྲན་སྐུལ་དང་། འདྲི་རྩད། བསླབ་འདོམས་
    སྐུལ་ལྕག་བཅས་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན། “རྩ་འཛུགས་ཀྱི་སྐྱོན་བརྗོད་སློབ་གསོ་ཡོངས་སུ་དང་ལེན་ཞུ་རྒྱུ་ཡིན། ད་རེས་ཀྱི་དྲན་སྐུལ་དང་གླེང་མོལ་དེ་ནི་རང་ཉིད་ཀྱི་ངོས་ནས་བརྗོད་ན་ཧ་ཅང་དུས་ཐོག་ལ་འཁེལ་བས། བསམ་བློ་དང་སྤྱོད་ཚུལ་ཐད་ལྷག་པའི་ཞན་ཆ་དེ་དག་ངས་ངེས་པར་དུ་ཡོ་བསྲང་ནན་ཏན་བྱེད་པ་དང་འབྲེལ། ཚན་ཁག་གི་ཁོངས་མིར་རོགས་རམ་བྱས་ནས་ལས་དོན་དེ་མཉམ་དུ་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་ཁེ་ལས་ཤིག་གི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཚན་ཁག་གི་ཁོངས་མིའི་དབར་མཐུན་སྒྲིལ་ཡག་པོ་མེད་པར་གཞིགས་ཏེ་ཀྲུང་དབྱང་རྩ་འཛུགས་པུའི་དྲན་སྐུལ་གླེང་མོལ་དང་ལེན་བྱས་རྗེས་འདི་ལྟར་བཤད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་མ་བཏང་བ་དང་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྒྲིག་ཁྲིམས་སྔོན་དུ་ལག་ལེན་བསྟར་བ་དང་། གཟབ་ནན་བྱེད་ཕོད་པ། དུས་རྒྱུན་དུ་དོ་སྣང་བྱེད་པ། སྔ་ཙམ་དམ་འཛིན་བྱེད་པ། ཆུང་ཙག་ནས་དམ་འཛིན་བྱེད་ཁར་ལས་བྱེད་པའི་སྐྱོན་ཆུང་ཙག་དག་གནད་དོན་ཆེན་པོར་འགྱུར་རྒྱུ་སྔོན་འགོག་བྱེད་དགོས་པའི་ནན་བཤད་ཡང་ཡང་བྱས་ཡོད། ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པར་2015ལོའི་ཟླ་6པར་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་《རྩ་འཛུགས་མི་དོན་སྡེ་ཚན་གྱིས་འགོ་ཁྲིད་ལས་བྱེད་པར་དྲན་སྐུལ་དང་། འདྲི་རྩད། བསླབ་འདོམས་སྐུལ་ལྕག་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཞིབ་སྲོལ་》པར་འགྲེམས་བྱས་ནས་རིམ་ཁག་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐད་གཞོགས་འདེགས་གང་ལེགས་བྱས་ཡོད། རིམ་ཁག་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ལག་བསྟར་དོན་འཁྱོལ་ལ་ནན་ཏན་ངང་དམ་འཛིན་ཡག་པོ་བྱས་པས་འདི་ལོའི་ཟླ་6པའི་ཟླ་མཇུག་བར། ཁྱོན་མི་ཁྲི་21.2ལ་དྲན་སྐུལ་དང་། འདྲི་རྩད། བསླབ་འདོམས་སྐུལ་ལྕག་བྱས་པ་དང་། ལྷག་པར་དུ་འདི་ལོ་ནས་བཟུང་ལས་དོན་སྒྲུབ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ལོ་སྟོད་དུ་མི་ཁྲི་9.4ལ་དྲན་སྐུལ་བྱས་པ། མི་ཁྲི་2.5ལ་འདྲི་རྩད་བྱས་པ། མི་ཁྲི་1.3ལ་བསླབ་འདོམས་སྐུལ་ལྕག་བྱས་པ་དེ་ན་ནིང་གི་ལོ་སྨད་ལས་62.1%དང་། 108.3% 30%བཅས་སོ་སོར་འཕར་ཡོད་པ་རེད།
         རིམ་ཁག་རྩ་འཛུགས་མི་དོན་སྡེ་ཚན་གྱིས་ལས་བྱེད་པར་དོ་ཁུར་དང་བྱམས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་ནས་འགོ་བཙུགས་ཏེ“གདོང་དམར་པོ་ཆགས་པ་དང་རྔུལ་ནག་འདོན་པ”དེ་རྒྱུན་རྣམ་དུ་གྱུར་པ་བྱས་ཡོད། བར་ཐག་མེད་པའི་སྒོ་ནས་འབྲེལ་བ་བྱས་ཏེ་ལས་བྱེད་པའི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་དང་ཟུང་འབྲེལ་དང་། ལས་བྱེད་པའི་རྟོག་ཞིབ་དང་། དཔྱད་ཞིབ། སྐོར་བཤེར། མི་འདེམས་མི་སྤྱོད་ཞིབ་བཤེར། མི་སྒེར་གྱི་འབྲེལ་ཡོད་དོན་གནད་སྙན་སེང་འཐེན་བཤེར་དཔྱད་ཞིབ། དཔལ་འབྱོར་འགན་འཁྲི་རྩིས་བཤེར། ཡིག་བསྐུར་ངོ་བཅར་དང་ཐེར་འདོན་སོགས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་ངང་སྤྱད་དེ་གནད་དོན་མགོ་འབུད་ཙམ་ནས་དམ་འཛིན་བྱེད་པ་དང་“གཅོང་རྩ”གནད་འཁེལ་འཚོལ་བ་བཅས་ཀྱི་སྒོ་ནས་དྲན་སྐུལ་དང་། འདྲི་རྩད། བསླབ་འདོམས་སྐུལ་ལྕག་གི་བྱེད་ཐབས་ཡག་པོ་སྤྱད་དེ་ལས་བྱེད་པའི་ཁྲོད་ལྷག་པའི་གནད་དོན་ཁག་གཅིག་དུས་ཐོག་ཏུ་ཡོ་བསྲང་དང་ཐག་གཅོད་ཐུབ་རྒྱུར་སྐུལ་མ་བཏང་ཡོད། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་དོ་སྣང་བྱེད་པ་དང་ས་གནས་ཀྱི་སྐབས་བརྗེའི་སྤྱོད་གཙང་གཞུང་དྲང་འགན་ལེན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་དྲན་སྐུལ་དང་། འདྲི་རྩད། བསླབ་འདོམས་སྐུལ་ལྕག་བཅས་བྱས་པས་འགོ་ཁྲིད་ལས་བྱེད་པས་ལྷག་བསམ་རྣམ་དག་ངང་ལས་འགན་བསྒྲུབས་པ་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་ཧུར་ཐག་འཇོག་རྒྱུར་སྐུལ་མ་ཐེབས་ཡོད། རྒྱ་ཆེའི་ལས་བྱེད་པར་དེའི་ཁྲོད་ནས་རྩ་འཛུགས་ཉེ་འགྲམ་དུ་ཡོད་པ་དང་མིག་མདུན་དུ་ལྟ་སྐུལ་བྱེད་མཁན་ཡོད་པ་དངོས་སུ་ཚོར་ནས་རང་བཀུར་དང་། རང་བརྟག རང་ཟོན། རང་གཅུན་བཅས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མིག་སྔར། ཀྲུང་དབྱང་རྩ་འཛུགས་སྡེ་ཚན་གྱིས་ཆེད་མངགས་བརྡ་ཐོ་བཏང་ནས་རིམ་ཁག་རྩ་འཛུགས་མི་དོན་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། 《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་》བཅས་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་། ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ། གཙོ་གནད་ཁ་གཏད་མངོན་གསལ་དོད་པོ་ཡོང་བ། ལྟ་སྐུལ་དང་འདྲི་རྩད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་དྲན་སྐུལ་དང་། འདྲི་རྩད། བསླབ་འདོམས་སྐུལ་ལྕག་ལས་ཀ་བྱ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དོ་དམ་དང་ལྟ་སྐུལ་ནན་པོ་བྱ་རྒྱུ་དེ་ལས་བྱེད་པའི་མི་ཚེ་ཧྲིལ་པོ་དང་མཉམ་དུ་གནས་པ་དང་ལས་བྱེད་པ་དོ་དམ་དང་ལྟ་སྐུལ་ཁྲོད་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།