འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དང་བླངས་པའི་ཉིན་མོར་ཧྲང་ཧའེ་ཡིས་འཁྲུག་ཆ་དོད་པའི་བྱེད་སྒོ་
    སྣ་ཚོགས་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་ནི་རྒྱལ་སྤྱིའི་དང་བླངས་པའི་ཉིན་མོ་ཐེངས་31པ་དེ་ཡིན། ཧྲང་ཧའེ་ཡི་གང་སར་སྤྱི་ཕན་གྱི་རྣམ་པས་ཁེངས་ནས་གཞོན་ནུ་དང་བླངས་པའི་གཟུགས་བརྙན་ཁྲོམ་གཞུང་གི་གང་སར་མཐོང་རྒྱུ་ཡོད།
         དེ་ཉིན་སྔ་དྲོ་ཧྲང་ཧའེ་ཡི་གྲགས་ཅན་བུད་མེད་ཀྱི་བྱེད་སྒོ་སྤེལ་བའི་ཚོགས་པ་SNH48ཀྱིས“གཅེས་སེམས་མཚོན་པའི་ཧྲང་ཧའེ་·ལང་ཚོའི་ཉམས་འགྱུར”ཞེས་པའི་སྤྱི་ཕན་གྱི་ཐ་མག་ཚོད་འཛིན་བྱེད་པའི་བྱེད་སྒོ་ཐུང་གྲས་དེ་ཧུང་ཆའོ་རྒྱལ་སྤྱིའི་གནམ་ཐང་T2གནམ་གྲུ་སྒུག་སའི་ཐོག་བརྩེགས་ཁང་ཆེན་དང་ལུའུ་ཅ་ཙུའེ་དངུལ་རྩྭའི་གྲོང་དུ་ཁག་སོ་སོར་སྤེལ་ཡོད། བྱེད་སྒོ་འགོ་ཚུགས་སྐབས། གྱོན་ཆས་ནག་པོ་གོན་པའི་སྐྱེས་པ་ཞིག་གིས་གནམ་ཐང་དུ་ཐ་མག་ལ་མེ་སྤར་བའི་གནས་ཚུལ་དེ་SNH48ཀྱི་ཁོངས་མིས་མཐོང་སྐབས་མདུན་དུ་བསྐྱོད་དེ་བཀག་འགོག་བྱས་མོད། འོན་ཀྱང་སྐྱེས་པ་དེས་མ་ཉན་པར་རྩོད་གླེང་གི་སྐད་སྒྲ་རིམ་བཞིན་ཆེ་རུ་ཕྱིན། སྐབས་དེར་གློ་བུར་དུ་རོལ་དབྱངས་གྲགས་པ་དང་བསྟུན་ཇུས་འགོད་ཞིབ་ཚགས་བྱས་པའི་སྤྱི་ཕན་གྱི་ཐ་མག་ཚོད་འཛིན་གྱི་བྱེད་སྒོ་ཐུང་གྲས་སྤེལ་འགོ་ཚུགས་པ་རེད། 
         བརྙན་ཤེལ་གྱི་གཞོགས་གཅིག་ཏུ་བྱེད་སྒོ་ཐུང་གྲས“ལང་ཁེ་ཐད་གཏོང”གི་བརྙན་ལམ་ཐད་གཏོང་བརྒྱུད་ཐོག་བསྟན་པས། ལྟ་མཁན་ཁྱོན་དྲ་གྲོགས་50000ལྷག་ཙམ་བྱུང་ཡོད། ད་ཐེངས་ཀྱི་བྱེད་སྒོ་ཐུང་གྲས་དེ་ནི་ཧྲང་ཧའེ་སྡེ་ཚོགས་གྲོང་ཁྱེར་ཨུ་ལྷན་གྱིས་ཕུའུ་ཏུང་ཁུལ་གསར་སྡེ་ཚོགས་ཨུ་ལྷན་དང་། མིང་ཧང་སྡེ་ཚོགས་ཆུས་ཨུ་ལྷན། ཧྲང་ཧའེ་མཁའ་འགྲུལ་དེང་རབས་གཞོན་ནུ་བཟོ་པའི་མཐུན་འབྲེལ་ལྷན་ཚོགས་སོགས་ཚན་པ་མང་པོ་དང་མཉམ་འབྲེལ་བྱས་ནས་ཐུན་མོང་ཐོག་འཆར་འགོད་བྱས་པ་ཞིག་ཡིན་པས་SNH48ཚུད་པའི་གཞོན་ནུ་དེའི་ནང་ཧུར་ཐག་ཞུགས་ཡོད། བྱེད་སྒོའི་དམིགས་ཡུལ་ནི་གསར་དུ་བཟོ་བཅོས་བརྒྱབ་པའི་《ཧྲང་ཧའེ་གྲོང་ཁྱེར་གྱི་སྤྱི་ཕན་འདུ་འཛོམས་ཁུལ་དུ་ཐ་མག་ཚོད་འཛིན་སྲོལ་ཡིག་》ལ་སྔར་བས་བརྡ་ལན་ཞུས་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་དང་བླངས་པའི་སྤྱི་ཕན་ནང་ཞུགས་རྒྱུ་སྔར་བས་སྐུལ་སློང་བྱས་ནས་སྐྱོན་བྲལ་ཤེས་དཔལ་དར་སྤེལ་གཏོང་རྒྱུ་དེ་རེད།
         ཉིན་དགུང་། ཁག་བརྒྱད་པའི་ཀྲུང་གོའི་(ཧྲང་ཧའེ)གཞོན་ནུ་དང་བླངས་པ་ལོ་སིར་བསྐྱོད་པའི་ཞབས་ཞུ་རུ་ཁག་གིས་དུས་ཡུན་ལོ་ཕྱེད་ཀྱི་ཕྱི་རྒྱལ་དུ་དང་བླངས་ཞབས་ཞུ་བྱེད་འཇུག་གྲིལ་ཏེ་ཕྱིར་ལོག་བྱས་ནས་ཧུང་ཆའོ་རྒྱལ་སྤྱིའི་གནམ་ཐང་T2གནམ་གྲུ་སྒུག་སའི་ཐོག་བརྩེགས་ཁང་ཆེན་དུ་འབྱོར་ནས་དྲོ་སྐྱིད་ལྡན་པའི་དགའ་བསུའི་མཛད་སྒོ་སྟབས་བདེ་ཞིག་གཉེར་བ་རེད།
         ཉིན་དེར་ཧྲང་ཧའེ་ཏི་ཧྲི་ཉི་སྤྲོ་གསེང་ཁུལ་དུ་ཡང་སྤྲོ་གསེང་ཁུལ་གྱི“ཕུལ་བྱུང་གི་དང་བླངས་པར་བྱ་དགའ་སྤྲོད་པའི་འཆར་གཞི”ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། རྣམ་གྲངས་དེ་བརྒྱུད་ཧྲང་ཧའེ་ཏི་ཧྲི་ཉི་སྤྲོ་གསེང་ཁུལ་གྱིས་2017ལོར་ཧྲང་ཧྲའེ་གྲོང་ཁྱེར་གྱི་དང་བླངས་ཞབས་ཞུའི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ལ་ཧྲང་ཧའེ་ཏི་ཧྲི་ཉི་རོལ་རྩེད་ཁང་གི་སྒོ་འཛིན་1000སྤྲད་ནས་ཧྲང་ཧའེ་གྲོང་ཁྱེར་གྱི་ཕུལ་བྱུང་དང་བླངས་པ་གདན་དྲངས་ཏེ་ཧྲང་ཧའེ་ཏི་ཧྲི་ཉི་རོལ་རྩེད་ཁང་དུ་ནང་མི་དང་མཉམ་དུ“ངོ་མཚར་ལྡན་པའི་ཉིན་གཅིག”བསྐྱལ་རྒྱུ་ཡོང་བ་བྱས་ནས་ཁོང་ཚོས་སྡེ་ཁུལ་གྱི་དང་བླངས་ཞབས་ཞུའི་བྱ་གཞག་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།