འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མཛའ་གྲོགས་དར་སྤེལ་བཏང་། ཉམས་འགྱུར་ཆེན་པོ་སྟོན། 

    ཀྲེང་ཧོ་རྟགས་ཅན་གྱི་དམག་གྲུ་ནེའུ་ཙི་ལན་དུ་འཚམས་འདྲིར་བསྐྱོད་པ་དང་དམག་གྲུའི་ཐོག་འཛེགས་པའི་ཚ་རླབས་འཕྱུར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན། ནེའུ་ཙི་ལན་དུ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོའི་མཚོ་དམག་གི་ཀྲེང་ཧོ་རྟགས་ཅན་གྱི་དམག་གྲུ་དེ་ནེའུ་ཙི་ལན་གྱི་སྤྱི་དམངས་ལ་མུ་མཐུད་སྒོ་མོ་ཕྱེ་ནས་ལྟ་སྐོར་བྱེད་དུ་བཅུག་པ་རེད། ཀྲུང་གོ་རང་ངོས་ཀྱིས་འཆར་འགོད་བྱས་ནས་བཟོས་པའི་རྒྱ་མཚོ་ཆེན་པོར་རྒྱང་རིང་མཚོ་འགྲུལ་བྱེད་པའི་སྦྱོང་བརྡར་དམག་གྲུ་དང་པོ་ཡིན་པའི་ཀྲེང་ཧོ་རྟགས་ཅན་གྱི་དམག་གྲུའི་ངོས་ནས་བརྗོད་ན། ཞི་བདེ་རྒྱ་མཚོ་ཆེན་པོ་ལྷོ་ངོས་དང་མཚོ་ཐོག་དར་གོས་ལམ་བུའི་ལྷོ་སྣེར་ཡོད་པའི་ནེའུ་ཙི་ལན་དུ་རྒྱང་བཞུད་བྱས་ནས། ཞི་བདེའི་མཛའ་གྲོགས་ཁྱབ་སྤེལ་བྱས་པ་དང་། ཀྲུང་གོའི་མཚོ་དམག་གི་རབས་གསར་པའི་དཔོན་དམག་གི་གཟུགས་བརྙན་བཟང་པོ་མངོན་པར་བྱས་པར་ས་གནས་དེ་གའི་དམག་སྲིད་ཕྱོགས་དང་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་པ་རེད།
         ཚེས་2ཉིན་ཀྲེང་ཧོ་རྟགས་ཅན་གྱི་དམག་གྲུ་ཨའོ་ཁེ་ལན་རྒྱལ་སྲས་གྲུ་ཁར་འབྱོར་བ་དང་། ནེའུ་ཙི་ལན་དམག་ཕྱོགས་དང་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་སྤྲོ་སེམས་འཁོལ་བའི་བསུ་བ་ཐོབ་ཡོད། ཚེས་3ཉིན་དམག་གྲུ་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་ཐོག་མར་སྤེལ་ནས་ས་གནས་དེ་གའི་དམངས་ཚོགས་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་པ་དང་། མི་ཐེངས་ཁྲི་1.2ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ས་གནས་དེ་གའི་ཕྱིར་སྡོད་རང་མིའི་ཁྱིམ་ཚང་མི་ཉུང་བ་ཞིག་གིས་རྒན་བཀུར་གཞོན་གཅེས་ངང་ཉིན་དགུང་གི་ཚ་གདུག་ལ་མ་འཛེམས་པར་དམག་གྲུའི་ཐོག་ལྟ་སྐོར་བྱེད་པར་བསྐྱོད། ཕྱིར་སྡོད་སྤུན་ཟླ་ཞིག་གིས་གསར་འགོད་པར་རང་ཉིད་ཀྱི་ལོ་3ལ་སླེབས་པའི་བུ་མོ་ནེའུ་ཙི་ལན་དུ་སྐྱེས་ཤིང་། ཕྱི་རྒྱལ་དུ་ཀྲུང་གོས་བཟོས་པའི་དམག་གྲུའི་ཐོག་སྡོད་པའི་གོ་སྐབས་བྱུང་བ་ནི་ཧ་ཅང་དཀོན་པོ་ཞིག་ཡིན་པས། རྒྱལ་ནང་གི་གཉེན་ཉེ་དང་ཕ་ཡུལ་དྲན་པའི་བསམ་པ་ཞིག་ཚོར་བྱུང་ཞེས་བཤད་བྱུང་།
         ད་ཐེངས་ཀྲེང་ཧོ་རྟགས་ཅན་གྱི་དམག་གྲུའི་ནང་ཡོད་པའི་སློབ་མ་169རྣམས་ཀྲུང་གོའི་མཚོ་དམག་གི་སློབ་གླིང་4ནས་ཡིན་པ་དང་། དེའི་ནང་དཔའ་ཉམས་གྲུང་འཁྱུག་གི་སློབ་མ་བུ་མོ་17ཡོད། ནེའུ་ཙི་ལན་ཁེ་ལའེ་སི་ཐེ་ཁྲེ་ཆི་གྲོང་ཁྱེར་ནས་ཡིན་པའི་ཁྱོ་ཤུག་གཉིས་ཀྱིས་གནས་ཚུལ་དེ་ཤེས་རྗེས་ཧང་སངས་པའི་སྒོ་ནས་སློབ་མ་བུ་མོ་རྣམས་གྲུ་གཟིངས་ལ་འཛེགས་པའི་ཉམས་སྣང་ལ་ལྟ་བཞིན་མཆིས།
         ཀྲུང་གོའི་མཚོ་དམག་གི་སློབ་མ་ཕལ་ཆེ་བ་དབྱིན་སྐད་ཡག་པོ་ཡོད་པས་ས་གནས་དེ་གའི་དམངས་ཚོགས་དང་འབྲེལ་འདྲིས་བྱེད་བདེ་པོ་ཡོད། ཁོང་ཚོས་ལྟ་སྐོར་བར་དམག་གྲུའི་མིང་ཐོགས་ཚུལ་ངོ་སྤྲོད་བྱས་པ་དང་། ཀྲུང་གོའི་མཚོ་འགྲུལ་མཁས་ཅན་ཀྲེང་ཧོ་ཡི་དེ་སྔོན་གྱི་མཛད་རྗེས་དང་དེ་བཞིན་ད་ཐེངས་ཀྲེང་ཧོ་རྟགས་ཅན་གྱི་དམག་གྲུ་འཚམས་འདྲིར་བསྐྱོད་པའི་ལས་འགན་དང་འགན་འཁྲི་གསལ་འགྲེལ་བྱས་པ་རེད། དམག་གྲུའི་ཐོག་གི་དཔོན་དམག་དང་ལྷག་པར་དུ་འབྱུང་འགྱུར་གྱི་ཀྲུང་གོའི་མཚོ་དམག་དམག་དཔོན་གྱི་ཕྱོགས་བསྡུས་བྱང་ཚད་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་རེད།
         ཟླ་10ཚེས་24ཉིན་ཀྲེང་ཧོ་རྟགས་ཅན་གྱི་དམག་གྲུ་ཀྲུང་གོའི་ལེའོ་ཉིང་ཏཱ་ལན་གྱི་ལུའེ་ཧྲུན་གྲུ་ཁ་ནས་ཐོན་ཏེ་མཚོ་ཐོག་རྒྱང་སྐྱོད་ཀྱི་དངོས་སྦྱོང་བྱས་པ་མ་ཟད། ཧིན་རྡུ་ཉི་ཞི་ཡ་དང་། ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན། ཧྥེ་ཅི་སོགས་ལ་འཚམས་འདྲི་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།