འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་དབུ་བཞུགས་བློན་ཆེན་གྱིས་མུ་ཏིག་གྲུ་ཁར་འཚམས་འདྲི་བྱེད་པའི་སྐོར་
    ལ་ཕྱི་འབྲེལ་པུས་ཨན་པེས་ཀྲུང་གོར་མྱ་ངན་ཞུ་སའི་ཤུལ་རྙིང་
    མང་པོ་ཡོད་ཅེས་ལན་བཏབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 08:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་མུ་ཏིག་གྲུ་ཁར་འཚམས་འདྲི་བྱེད་པའི་གནས་ཚུལ་ལ་དམིགས་ནས། ཚེས་7ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གལ་ཏེ་རི་པིན་ཕྱོགས་ཀྱིས་རང་སྐྱོན་རང་བརྟག་གཏིང་ཟབ་དང་ལྷག་བསམ་ཟོལ་མེད་ངང་དགོངས་སེལ་ཞུ་དགོས་སྙམ་ཚེ་ཀྲུང་གོར་ཨན་པེས་མྱ་ངན་ཞུ་དགོས་པའི་ཤུལ་རྙིང་མང་པོ་ཡོད་ཅེས་བཤད་པ་རེད།
         གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བ་ལྟར་ན་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་མུ་ཏིག་གྲུ་ཁར་འཚམས་འདྲི་བྱ་རྒྱུ་ཡིན་མོད། འོན་ཀྱང་རི་པིན་ཕྱོགས་ཀྱིས་ཨན་པེ་ཅིན་སན་གྱིས་ད་ཐེངས་འཚམས་འདྲི་བྱེད་རིང“དགོངས་སེལ”ཞུ་ཡི་མ་རེད་ཅེས་བརྗོད་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་འདྲ་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
         ལུའུ་ཁང་གིས། དེ་རིང་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རི་པིན་གྱིས་མུ་ཏིག་གྲུ་ཁར་འཇབ་རྒོལ་བྱས་པ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དམག་འཁྲུག་ལངས་ནས་ལོ་75འཁོར་བའི་ཉིན་ཞིག་རེད། རི་པིན་དམག་རྒྱལ་རིང་ལུགས་ཀྱིས་བསླངས་པའི་བཙན་འཛུལ་དམག་འཁྲུག་གིས་ས་ཁུལ་དེ་གའི་རྒྱལ་ཁབ་དང་ལྷག་པར་དུ་ཨེ་ཤེ་ཡའི་གནོད་འཚེ་ཕོག་པའི་རྒྱལ་ཁབ་ཀྱི་མང་ཚོགས་ལ་གོད་ཆག་ཆེན་པོ་བཟོས་ཡོད། རི་པིན་ཕྱོགས་ཀྱིས་ལོ་རྒྱུས་དེའི་ཐད་ལྷག་བསམ་ཟོལ་མེད་དང་ཡང་དག་པའི་ངོས་འཛིན་ཞིག་ཡོང་མིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།
         ལུའུ་ཁང་གིས། རི་པིན་ཕྱོགས་ཀྱིས་མུ་ཏིག་གྲུ་ཁར་འཇབ་རྒོལ་བྱས་པའི་ཐད་དགོངས་སེལ་ཞུ་མིན་ཨ་རི་ཕྱོགས་ཀྱིས་རེ་བ་བྱེད་ཀྱི་ཡོད་མེད་ངས་དཔྱད་གཏམ་སྤེལ་གྱི་མིན། ཀྲུང་གོ་ཕྱོགས་ཀྱི་ངོས་ནས་བརྗོད་ན། ང་ཚོས་སྔར་ནས་ད་བར་རྒྱལ་སྤྱིའི་དྲང་བདེན་དང་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་གཏན་འཁེལ་བྱུང་བའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། རི་པིན་ཕྱོགས་ཀྱིས་ལོ་རྒྱུས་ལ་རྣམ་འགྱུར་འཛིན་སྟངས་ལེགས་སུ་གཏོང་བ་དང་རི་པིན་དམག་རྒྱལ་རིང་ལུགས་ཀྱི་འགྲོ་བ་མིའི་རིགས་ལ་འཚེ་བའི་བྱས་ཉེས་ལ་ངོས་འཛིན་ཡང་དག་ཅིག་བཏོན་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་ཚུད་པའི་ཨེ་ཤེ་ཡའི་གནོད་འཚེ་ཕོག་པའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།
         གསར་འགོད་པ་གཞན་ཞིག་གིས། རི་པིན་གྱི་གླེང་ཕྱོགས་ཀྱིས་མུ་ཏིག་གྲུ་ཁ་དང་བསྡུར་ན་ཨན་པེས་ནན་ཅིང་དམར་གསོད་ཆེ་མོའི་ནང་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོ་བའི་དྲན་གསོ་ཁང་དུ་དེ་བས་བསྐྱོད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁྱེད་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
         ལུའུ་ཁང་གིས། ཨ་རིའི་མི་དམངས་ཀྱིས་མུ་ཏིག་གྲུ་ཁའི་གནས་ཚུལ་བརྗེད་མི་སྲིད་པ་ལྟར་ཀྲུང་གོའི་མི་དམངས་ཀྱིས་ཀྱང་རི་འགོག་དམག་འཁྲུག་ནང་བློས་གཏོང་ཆེན་པོ་བྱས་པ་བརྗེད་མི་སྲིད་ལ་ནན་ཅིང་དམར་གསོད་ཆེ་མོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་དེ་བས་ཀྱང་བརྗེད་མི་སྲིད་ཅེས་བཤད།
         ཁོང་གིས“གལ་ཏེ་རི་པིན་ཕྱོགས་ཀྱིས་རང་སྐྱོན་རང་བརྟག་གཏིང་ཟབ་དང་ལྷག་བསམ་ཟོལ་མེད་ངང་དགོངས་སེལ་ཞུ་དགོས་སྙམ་ཚེ། ནན་ཅིང་དམར་གསོད་ཆེ་མོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་ཡིན་ནའང་འདྲ‘དགུ་པའི་བཅོ་བརྒྱད’དུས་འགྱུར་དྲན་གསོ་ཁང་ངམ་ཡང་ན‘བདུན་གསུམ་གཅིག’དཔུང་སྡེའི་ཤུལ་རྙིང་ཡིན་ཡང་རུང་ཀྲུང་གོར་ཨན་པེས་མྱ་ངན་ཞུ་དགོས་པའི་ཤུལ་རྙིང་མང་པོ་ཡོད། ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ལའང་ས་ཆ་དེ་འདྲ་བ་མང་པོ་ཡོད་པ་དེ་དག་གིས་རི་པིན་དང་ཐ་ན་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་གནོད་འཚེ་བཟོ་མཁན་རྒྱལ་ཁབ་ཀྱིས་གནོད་འཚེ་ཕོག་པའི་རྒྱལ་ཁབ་ལ་བཟོས་པའི་བྱས་ཉེས་དེ་དག་བརྗེད་མི་རུང་བ་དང་ལོ་རྒྱུས་ལའང་བཟོ་བཅོས་བྱེད་མི་རུང་བའི་དྲན་སྐུལ་བྱེད་ཀྱི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།