འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་གཞི་རིམ་དུ་བསྐྱོད་
    ནས་ལྟ་ཞིབ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 08:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཁོར་ཡུག་སྲུང་སྐྱོང་པུའུ་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་དང་གྲོང་ཁྱེར་བདུན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ཉེ་ཆར་གཞི་རིམ་དུ་མུ་མཐུད་ལྟ་ཞིབ་བྱེད་པར་བསྐྱོད་ནས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཚབས་ཆེ་རིགས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དཔང་ལེན་བྱས་པ་རེད།
         2016ལོའི་ཁག་གཉིས་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བདུན་གྱིས་ཟླ་11ཚེས་24ནས་ཚེས་30ཉིན་བར་སྔ་རྗེས་སུ་བཅའ་སྡོད་དང་བཅས་ལྟ་ཞིབ་བྱས་ཤིང་། ཟླ་12ཚེས་5ཉིན་བར། ལྟ་ཞིབ་ཚོགས་ཆུང་བདུན་གྱིས་མང་ཚོགས་ཀྱིས་འཕྲིན་ཡིག་དང་གློག་འཕྲིན་ཐོག་ནས་ཐེར་འདོན་ཁྱོན་4309བྱས་པ་བདག་སྤྲོད་བྱས་པ་དང་། རིམ་རྩིས་བྱས་ན་ལྟ་ཞིབ་བྱ་ཡུལ་ས་གནས་ལ་ཐེར་འདོན་ནུས་ལྡན་བྱས་པའི་གནད་དོན་2563བསྒྲུབ་རྒྱུར་རྩིས་སྤྲད་པ། ས་གནས་ལ་གནད་དོན་497དག་ཐེར་དང་ཐག་གཅོད་བྱེད་དགོས་པའི་ལྕག་སྐུལ་བྱས་པ། ཚན་པ་559ལ་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ། གྱོད་དོན་ཐོ་འགོད་བྱས་ནས་ཚན་པ་295ལ་ཆད་པ་བཅད་པ། མི་18བཀག་ཉར་བྱས་པ། མི་275སྐོང་འདྲི་བྱས་པ་དང་འབྲེལ་འགན་འཁྲི་བདའ་འདེད་ཀྱང་བཏང་ཡོད་པ་རེད།
         བཀོད་སྒྲིག་གཞིར་བཟུང་དང་ཐོག་ཁྲུང་ཆིང་དུ་བཅའ་སྡོད་བྱས་པའི་ལྟ་ཞིབ་ཚོགས་ཆུང་ལྔ་པས་ཟླ་12ཚེས་4ཉིན་ནས་གཞི་རིམ་དུ་ལྟ་ཞིབ་ལས་དོན་སྤེལ་འགོ་བཙུགས་ཤིང་། ཚོགས་ཆུང་ཁག་བཞི་རུ་བགོས་ཏེ་ཁྲུང་ཆིང་གྲོང་ཁྱེར་གྱི་ཆུས་དང་རྫོང་8དང་དེ་བཞིན་དོ་ཁུར་བྱེད་དགོས་པའི་གནད་དོན་གཙོ་བོར་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་དང་། ཟླ་12ཚེས་5ཉིན་ཧུའུ་པེར་བཅའ་སྡོད་བྱས་པའི་ལྟ་ཞིབ་ཚོགས་ཆུང་གསུམ་པས་ཀྱང་དུས་མཚམས་དང་པོའི་ལྟ་ཞིབ་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ་དང་ཉེ་དུས་འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་དུ་བསྐྱོད་རྒྱུ་ཡིན་པ། ལྟ་ཞིབ་ཚོགས་ཆུང་གཞན་དག་གིས་ཞིང་ཆེན་རིམ་པར་ལྟ་ཞིབ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆབས་ཅིག་གཞི་རིམ་དུ་ལྟ་ཞིབ་བྱེད་པར་བསྐྱོད་རྒྱུའི་ཇུས་གཞི་རགས་ཙམ་བཀོད་ཡོད་པ་རེད། གཞི་རིམ་དུ་ལྟ་ཞིབ་བྱེད་པར་བསྐྱོད་རྒྱུ་ནི་བཅའ་སྡོད་ལྟ་ཞིབ་ནང་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་ལས་འགན་གཙོ་བོ་ནི་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གནད་དོན་ཚབས་ཆེ་རིགས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་དཔང་ལེན་བྱ་རྒྱུ་དང་། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་མངོན་གསལ་དོད་རིགས་ལ་ཐག་གཅོད་བྱས་ཚུལ་ཟུར་བཤེར་བྱ་རྒྱུ། ས་ཁུལ་དང་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ཚུལ་ལ་ལྟ་ཞིབ་བྱ་རྒྱུ་དང་འབྲེལ་བསྒྲུབ་རྒྱུར་ལྟ་སྐུལ་ཡང་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།