འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མ་རྩའི་ཁྲོམ་ར་སྒོ་འབྱེད་ཀྱི་གོམ་སྟབས་གསར་པ་སྤོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲུན་ཧྭ་དང་ཀྲུང་གོ་འཛིན་ལོར་ལྟ་སྐུལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལིའུ་ཧྲི་ཡུས་ཀྱིས་མཉམ་དུ་ཧྲེན་ཀྲེན་འཛིན་ལོར་ཉོ་ཚོང་སུའོ་ཡི་ཉིན་དེའི་ཉོ་ཚོང་འགོ་ཚུགས་པའི་དུང་བརྡ་བསྒྲགས་ནས། ཧྲེན་ཀང་མ་རྐང་ཤར་གཏོང་ལམ་སྲོལ་སྤྱོད་འགོ་ཚུགས་པ། དེ་ལས། ཧྲང་ཧའེ་དང་། ཧྲེན་ཀྲེན། ཤང་ཀང་བཅས་གསུམ་གྱི་འཛིན་ལོར་ཁྲོམ་ར་འབྲེལ་མཐུད་བདེ་བླག་ཐུབ་པ་མ་ཟད། ཀྲུང་གོའི་མ་རྩའི་ཁྲོམ་ར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པར་སླར་ཡང་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།
            འདི་ལོའི་ཟླ་8ཚེས་16ཉིན། ཀྲུང་གོ་འཛིན་ལོར་ལྟ་སྐུལ་ལྷན་ཚོགས་དང་ཤང་ཀང་འཛིན་ལོར་ལྟ་སྐུལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་ནས་རེ་སྒུག་ཆེན་པོ་བྱེད་པའི་ཧྲེན་ཀང་མ་རྐང་ཤར་གཏོང་ལམ་སྲོལ་ལ་དངོས་སུ་ཆོག་མཆན་ཐོབ་པ་དང་འབྲེལ་ཡོད་ཀྱི་གྲ་སྒྲིག་ལས་དོན་ལ་ཟླ་བ་གསུམ་འགོར་གྱི་ཡོད་ལུགས་བཤད་ཡོད།
            ཚེས་5ཉིན། ཧྲེན་ཀྲེན་དང་ཤང་ཀང་མ་རྐང་ཤར་གཏོང་ལམ་སྲོལ་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཧྲེན་ཀྲེན་འཛིན་ལོར་ཉོ་ཚོང་སུའོ་དང་ཤང་ཀང་མཉམ་འབྲེལ་ཉོ་ཚོང་སུའོ་རུ་དུས་གཅིག་ཏུ་གཉེར་ཞིང་། ཁྲོམ་ར་གཉིས་དུས་གཅིག་ཏུ་ཉོ་ཚོང་འགོ་ཚུགས་པ་དང་སྦྲགས། ཧྲེན་ཀྲེན་མ་རྐང་ཁྲོམ་ར་དང་ཤང་ཀང་མ་རྐང་ཁྲོམ་རའི་ཉོ་ཚོང་ཐོག་མ་ཧྲེན་ཀྲེན་ཁང་ཅཱ་Aདང་ཧུའེ་ཧྥུང་མ་རྐང་ལ་རག་པ་དང་ཚོང་འགྲིག་དངུལ་འབོར་སོ་སོར་མི་དམངས་ཤོག་སྒོར་481དང་ཤང་ཀང་སྒོར་མོ་ཁྲི་2.45ཟིན་ཡོད།
             ཧྲེན་ཀང་མ་རྐང་ཤར་གཏོང་ལམ་སྲོལ་ནི་ཧྲེན་ཀྲེན་དང་ཤང་ཀང་གཉིས་ཀྱི་མ་རྐང་ཁྲོམ་རའི་ཉོ་ཚོང་ཕན་ཚུན་ཤར་གཏོང་ལམ་སྲོལ་གྱི་བསྡུས་མིང་ཡིན་ཞིང་། ཧྲེན་ཀྲེན་འཛིན་ལོར་ཉོ་ཚོང་སུའོ་དང་ཤང་ཀང་མཉམ་འབྲེལ་ཉོ་ཚོང་སུའོ་ཚད་ཡོད་ཀུང་སིས་ལག་རྩལ་འབྲེལ་མཐུད་བྱས་ཏེ་ནང་ས་དང་ཤང་ཀང་གི་མ་རྩ་འཇོག་མཁན་གྱིས་ཡུལ་དེ་གའི་འཛིན་ལོར་ཀུང་སིའམ་ཡང་ན་བདག་གཉེར་ཚོང་པ་བརྒྱུད་གཏན་འབེབས་ཁྱབ་ཁོངས་ནང་གི་ཕ་རོལ་པོའི་ཉོ་ཚོང་སུའོ་ཡི་མ་རྐང་ཚོང་རར་བཏོན་པའི་མ་རྐང་ཉོ་ཚོང་བྱེད་པ་ལ་ཟེར།
             ངོ་སྤྲོད་བྱས་པར་གཞིགས་ན། ཧྲེན་ཀང་མ་རྐང་ཤར་གཏོང་ལམ་སྲོལ་ནི་ཧྲང་ཧའེ་དང་ཤང་ཀང་གི་མ་རྐང་ཤར་གཏོང་ཚོད་ལྟ་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་བཏོན་པའི་བྱ་ཐབས་གལ་ཆེན་གཞན་ཞིག་ཡིན་ཞིང་། ས་ཁོངས་ནང་ཁུལ་གྱི་ཉོ་ཚོང་སུའོ་ཡིས་ཤང་ཀང་གི་ཉོ་ཚོང་སུའོ་དང་སླར་ཡང་འབྲེལ་མཐུད་ལམ་སྲོལ་བཙུགས་པ་ཞིག་ཡིན་པས། རང་རྒྱལ་གྱི་མ་རྩའི་ཁྲོམ་ར་ཁྲིམས་ལུགས་ཅན་དང་། ཁྲོམ་ར་ཅན། རྒྱལ་སྤྱི་ཅན་བཅས་སུ་འགྱུར་རྒྱུར་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་པ་དང་། མ་རྩ་འཇོག་མཁན་གྱིས་ནང་ས་དང་ཤང་ཀང་གི་དཔལ་འབྱོར་འཕེལ་རྒྱས་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་མཉམ་རོལ་བྱེད་པ་དང་། ནང་ས་དང་ཤང་ཀང་གི་དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཤང་ཀང་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཡིན་པའི་གནས་བབ་སྲ་བརྟན་དང་མཐོར་གཏོང་བཅས་ལ་ཕན་ཐོགས་ཡོད་ལ། ཧྲེན་ཀྲེན་དང་ཤང་ཀང་གི་ས་བབ་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་ནང་ས་དང་ཤང་ཀང་དབར་སྔར་ལས་ལྷག་པའི་ངང་མཉམ་ལས་དམ་ཟབ་བྱ་རྒྱུར་ཡང་ཕན་ཐོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།