མི་དམངས་དྲ་བ།

༄༅།།ཆོག་འཐུས་མེད་པར་གཙང་པོའི་བྱེ་མ་སྔོག་འདོན་བྱས་ཚེ་ཁྲིམས་འགལ་ཉེས་པའི་ཁོངས་སུ་གཏོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་ཐོག་《ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་དང་གཏོར་སྐྱོན་རང་བཞིན་གྱིས་གཏེར་ཁ་སྔོག་འདོན་གྱི་ཉེས་དོན་གྱོད་གཞིར་འཚམ་པའི་བཅའ་ཁྲིམས་གནད་དོན་འགའ་ཞིག་སྐོར་གྱི་འགྲེལ་བཤད་》བཏོན་པའི་ནང་། འབྲེལ་ཡོད་ཀྱི་ཆོག་འཐུས་མེད་པར་གཙང་པོའི་དོ་དམ་ཁྱབ་ཁོངས་སུ་བྱེ་མ་སྔོག་འདོན་གྱི་ཉེས་ཚབས་ཆེ་རིགས་ལ་ཁྲིམས་འགལ་གྱིས་གཙང་པོའི་བྱེ་མ་སྔོག་འདོན་བྱེད་པའི་ཉེས་པའི་ཐོག་ནས་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།
        《འགྲེལ་བཤད་》ནང་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་གྱི་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་ཚད་གཞི་ཁ་གསལ་བཟོས་པ་སྟེ། ཉེས་ཚབས་རིགས་ལྔའི་“ཉེས་པ་ཚབས་ཆེན”གྱི་ཁོངས་སུ་གཏོགས་པའི་ནང་སྔོག་འདོན་དང་གཏོར་སྐྱོན་བཏང་བའི་གཏེར་ཁའི་ཐོན་ཁུངས་ཀྱི་རིན་ཐང་སྒོར་ཁྲི་བཅུ་ནས་སུམ་ཅུ་ཡན་བར་དང་། སྔོག་འདོན་བྱ་མི་ཆོག་པའི་ཁུལ་དང་སྔོག་འདོན་བྱ་མི་ཆོག་པའི་དུས་ཚོད་ནང་གཏེར་ཁ་སྔོག་འདོན་བྱས་པའི་རིན་ཐང་སྒོར་ཁྲི་ལྔ་ནས་ཁྲི་བཅོ་ལྔ་ཡན་བར། ལོ་གཉིས་རིང་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱས་ཏེ་སྲིད་འཛིན་གྱི་ཆད་པ་ཐེངས་གཉིས་ཕོག་ཀྱང་སླར་ཡང་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱས་རིགས། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་རིགས། ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་བཅས་སོ།
       ཁྲིམས་འཛིན་ལག་ལེན་ཁྲོད། གཏེར་ཁའི་ཐོན་ཁུངས་ལ་གཏོར་སྐྱོན་བཏང་བའི་ཉེས་པ་ཁེ་ཕན་གྱི་སྦྲེལ་ཐག་ཏུ་འགྱུར་བ་དང་སྦས་སྐུང་དང་། གཞན་སྒྱུར། ཉོ་སྒྲུབ། ཕྱིར་ཚོང་སོགས་ལྷུ་ཚིགས་རིགས་ཉེས་པ་གང་སར་ཁྱབ་པའི་རྒྱུ་རྐྱེན་གཙོ་བོའི་གྲས་སུ་གྱུར་ཡོད། དེར་བརྟེན་《འགྲེལ་བཤད་》ནང་ཉེས་གསོག་ལས་བྱུང་བའི་གཏེར་ཁའི་ཐོན་རྫས་ཡིན་པ་ཤེས་བཞིན་དུ་སྦས་སྐུང་དང་། གཞན་སྒྱུར། ཉོ་སྒྲུབ། ཕྱིར་ཚོང་བཅས་བྱེད་པའམ་ཡང་ན་བྱེད་ཐབས་གཞན་ལ་བརྟེན་ནས་ཉེས་གསོག་ལས་བྱུང་བའི་གཏེར་ཁའི་ཐོན་རྫས་འགེབས་སྲུང་དང་སྦ་གསང་བྱས་རིགས། དེ་ལས་ཐོབ་པའི་ཁེ་ཕན་ལ་གཞིགས་ནས་བྱས་ཉེས་གཏན་ཁེལ་བྱས་ཏེ་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
        《འགྲེལ་བཤད་》ནང་གཏེར་ཁའི་ཐོན་ཁུངས་གཏོར་སྐྱོན་གཏོང་མཁན་ལ་ཉེས་གསོག་གུ་ཡངས་ཐག་གཅོད་བྱེད་སྟངས་ཁ་གསལ་བཏོན་པ་སྟེ། ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་དང་གཏོར་སྐྱོན་རང་བཞིན་གྱིས་གཏེར་ཁ་སྔོག་འདོན་གྱི་ཉེས་གསོག་ལ་གླས་པའི་ངལ་ནུས་མི་སྣས་ཁེ་བཟང་བགོ་བཤར་ཞུགས་པའམ་ཡང་ན་གཏན་འཇགས་ཀྱི་གླ་ཆ་མཐོ་པོ་ལེན་པ་ཕུད། སྤྱིར་ན་ཉེས་པ་བསགས་པའི་ཁོངས་སུ་མི་གཏོགས།

  
2016-12-01 2016-11-30