འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ལུས་རྩལ་གྱིས་གྲང་ངར་ཆེ་ལ་རྒྱུན་རིང་བའི་མཚོ་བོད་ས་མཐོའི་དགུན་ཁའི་རྣམ་
    པ་འཁྲུག་ཏུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 08:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཞོགས་པའི་ཉི་བཞོན་ཤར་རིའི་རྩེ་མོ་ནས་འཛུམ་ཞལ་ངོམ་མ་ཐག་ད་ལོ་ལོ་57ལ་སླེབས་པའི་ཉི་མ་མཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་ཟི་ལིང་གྲོང་ཁྱེར་ལྟེ་གནས་ཐང་ཆེན་དུ་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་སྒོར་གཞས་རྒྱག་པར་བསྐྱོད་ཀྱི་ཡོད། ད་ཆ་ཞབས་བྲོ་བརྒྱབ་ནས་ལུས་སྦྱོང་བྱ་རྒྱུ་དེ་ཁོ་མོའི་འཆར་ཅན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད།
         ཟི་ལིང་ནས་བར་ཐག་སྤྱི་ལེ་800ཡི་སར་གནས་པའི་ཡུལ་ཤུལ་གྲོང་ཁྱེར་དུ་ཉིན་ལྟར་སློབ་གྲྭ་གྲོལ་རྗེས་བོད་རིགས་གཞོན་ནུ་བསོད་ནམས་ཚེ་བརྟན་གྱིས་རང་ཉིད་ཀྱི་སྤུན་གྲོགས་དང་མཉམ་དུ་ཡུལ་ཤུལ་རྟེན་རྫས་བཤམས་མཛོད་ཁང་གི་ཉེ་འགྲམ་གྱི་ཐང་ཆེན་ཐོག་རྐང་རྩེད་སྤོ་ལོ་རྒྱག་གི་ཡོད། མདའ་མོ་བཞིན་རྣོ་བའི་གྲང་རླུང་ལྡང་ནའང་སྤོ་ལོར་དབྱིངས་ཞུགས་པའི་ཁོང་ཚོའི་བསམ་པར་གཡོ་འགུལ་སྤུ་ཙམ་ཡང་ཐེབས་ཀྱི་མེད།
         ཟི་ལིང་གྲོང་ཁྱེར་དགུན་དུས་ཆུ་རྐྱལ་མཐུན་ཚོགས་ཀྱི་འགན་འཁུར་བ་ཐེང་རེ་ཅེས་དགུན་ཁ་ཤར་ཚུན་ངས་དགུན་དུས་ཆུ་རྐྱལ་རུ་ཁག་གི་རུ་མི་དང་གཟའ་འཁོར་རེར་མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང་ཀན་ཧོ་ཐན་ཆུ་མཛོད་དུ་ཆུ་རྐྱལ་བརྒྱབ་པར་འགྲོ་གི་ཡོད། ས་གནས་དེ་གའི་ཆུའི་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་1.5ཡིན་རུང་། རུ་མི་ཚོས་དེར་མི་འཛེམ་པར་མུ་མཐུད་ཆུ་བརྒལ་གྱི་ཡོད། “ལུས་རྩལ་དེར་ང་ཚོ་ཚང་མ་དགའ་པོ་ཡོད། དགུན་དུས་སུ་ཆུ་རྐྱལ་བརྒྱབ་པས། ང་ཚོའི་གཟུགས་པོ་བདེ་རུ་ཕྱིན་སོང་། དེ་ཡང་ང་ཚོས་ལུས་རྩལ་དེ་མཐའ་འཁྱོངས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན”ཞེས་བརྗོད།
         “2022ལོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་ཡིན་པས། གངས་འཁྱགས་ལུས་རྩལ་འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་ཐོབ་རྒྱུ་ཡིན་ལ། མཚོ་བོད་ས་མཐོའི་དགུན་དུས་ལུས་རྩལ་འཕེལ་རྒྱས་དང་ལྷག་པར་དུ་གངས་འཁྱགས་ལུས་རྩལ་འཕེལ་རྒྱས་འགྲོ་བའི་དུས་ཚོད་ཡག་ཤོས་འཆར་རྒྱུ་རེད། དེར་བརྟེན་ང་ཚོས‘གངས་འཁྱགས་ཀྱི་ཕུགས་འདུན’ཞེས་པའི་ལུས་རྩལ་བྱེད་སྒོ་སྤེལ་རྒྱུ་ཡིན”ཞེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས་བརྗོད།
         གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་12ཚེས་11ཉིན་ནས་17ཉིན་བར་མཚོ་སྔོན་མདོ་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་ནང་སྦྱོང་རྟེན་གཞིས་རྒྱལ་སྤྱིའི་འཁྱགས་ལྡིར་གདན་ཞུས་འགྲན་བསྡུར་བྱ་རྒྱུ་ཡིན་པས། ཕུལ་བྱུང་འཁྱགས་ལྡིར་ལུས་རྩལ་པ་ཚོ་ས་མཐོར་རྩལ་ནུས་དེ་ཕན་ཚུན་འགྲན་རེས་བྱ་རྒྱུ་རེད།
         མཚོ་སྔོན་ཞིང་ཆེན་མདོ་པ་རྟེན་གཞིའི་ཀྲུའུ་རེན་ལིའུ་ཤིང་ཧའེ་ཡིས་ཁོང་ཚོས་མཚོ་སྔོན་གྱི་ཐོན་ཁུངས་ལ་བརྟེན་ནས་དགུན་དུས་དང་དེ་བཞིན་གངས་འཁྱགས་རྣམ་གྲངས་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ་རེད། འདི་ལོའི་དགུན་ཁའི་གུང་གསེང་དུ་མདོ་པ་རྟེན་གཞིས་དགུན་དུས་ལུས་རྩལ་གྱི་སྒར་རྒྱག་བྱེད་སྒོ་སྤེལ་ཏེ་ཡུལ་གཞན་གྱི་ཕྲུ་གུ་ཚོས་ས་མཐོར་ལུས་རྩལ་གྱི་སྤྲོ་སྣང་ཉམས་སུ་མྱོང་དུ་བཅུག་རྒྱུ་ཡིན་ཞེས་བརྗོད།
         “མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་སྤེལ་བའི་རིགས་ཁག་གི་ལུས་རྩལ་བྱེད་སྒོས་སྤྱི་དམངས་ཀྱི་སྣ་མང་རང་བཞིན་གྱི་ལུས་རྩལ་དང་རིག་གནས་ཀྱི་དགོས་མཁོ་བསྐང་གི་ཡོད། དམངས་ཡོངས་ལུས་སྦྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་སྒྱུར་བའི་རྒྱབ་ལྗོངས་འོག ང་ཚོས་ཀྱང་བྱེད་སྒོ་མང་དག་སྤེལ་ནས་དེ་དག་མི་ཚོགས་སྔར་ལས་མང་བའི་ཁྲོད་ཁྱབ་པ་བྱ་རྒྱུ་མ་ཟད། བྱེད་སྒོ་དེ་དག་བརྒྱུད། གྲང་ངར་ཆེ་ལ་རྒྱུན་རིང་བའི་མཚོ་སྔོན་གྱི་དགུན་དུས་ཀྱི་རྣམ་པ་འཁྲུག་ཏུ་གཏོང་རྒྱུའི་རེ་བ་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་མང་ཚོགས་ལུས་རྩལ་ཁྲུའི་ཁྲུའུ་ཀྲང་ཀའོ་ཞུའེ་ལིན་གྱིས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།