འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་
    དུག་རྫས་ཁེ་2000ལྷག་ཙམ་ཞིབ་བཤེར་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 08:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཉེ་ཆར་དུག་རྫས་སྐྱེལ་འདྲེན་གྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་2བཟུང་བ་དང་དུག་རྫས་ཁེ་2089ཞིབ་བཤེར་ཐུབ་པ་རེད།
         ཟླ་11པའི་ཟླ་འགོར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་སྐྱེས་པ་ཞིག་གིས་ཀོང་ཀྲོའུ་ནས་དུག་རྫས་ཉོས་ཏེ་ཟི་ལིང་དུ་དབོར་འདྲེན་བྱེད་རྩིས་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཁུངས་སྣེ་གཏན་འཁེལ་བྱས་རྗེས་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་མར་ཆེད་དོན་གྱོད་གཞིའི་ཚོགས་ཆུང་བཙུགས་ཏེ། གྲལ་བཤེར་བརྟག་དཔྱད་བྱས་ནས་ཉེས་གསོག་དོགས་ཅན་གྱི་བྱེད་སྤྱོད་སྤེལ་ས་དང་དུས་ཚོད་ཁོང་དུ་ཆུད་པ་བྱས་ཡོད།
         ཟླ་11ཚེས་27ཉིན་གྱི་ཕྱི་དྲོ། ཉེས་གསོག་དོགས་ཅན་ཤ་ཆེ་གེ་མོ་དང་ལི་ཆེ་གེ་མོས་དུག་རྫས་བླུགས་པའི་རླངས་འཁོར་བཏང་སྟེ་ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་མཱ་ཁྲང་ཧེང་གྲོན་བསྡུ་ས་ཚིགས་སུ་སླེབས་སྐབས། སྔོན་ནས་འཇབ་ནས་བསྡད་པའི་མི་དམངས་ཉེན་རྟོག་པས་འཕྲལ་མར་བཟུང་ནས་ས་ཆ་དེ་རང་དུ་འཁྱགས་དུག་ཁེ་2059དང་ཕྱེ་དཀར་ཉལ་ཐ་ཁེ་30རྩད་ཆོད་པ་རེད།
         ཞིབ་དཔྱད་རགས་ཙམ་བྱས་པར་གཞིགས་ན། ཉེས་གསོག་དོགས་ཅན་2པོས་དུག་རྫས་དབོར་འདྲེན་བྱེད་པའི་ཉེས་གསོག་བྱེད་སྤྱོད་ཚང་མ་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། མིག་སྔར་གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།