འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྣོད་བཅུད་ཁོར་ཡུག་
    སྲུང་སྐྱོང་འཆར་འགོད་》པར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་བཀའ་ལན་ཐོབ་པ་བརྒྱུད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འཆར་འགོད་》(གཤམ་དུ་《འཆར་འགོད་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་པ་རེད། 《འཆར་འགོད་》དེ་ནི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། “གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔར་བརྟེན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ལ་མཛུབ་ཁྲིད་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཅིག སྣོད་བཅུད་ཤེས་དཔལ་ཁྱབ་ཁོངས་སྒྱུར་བཅོས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཁོར་ཡུག་གི་ཞན་ཆ་གསབ་རྒྱུ་མངོན་འགྱུར་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་བཅས་རེད།
          《འཆར་འགོད་》ནང་་བསྟན་དོན། ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་སྲོག་ཤིང་དུ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་པ་དང་། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། སྣོད་བཅུད་སྲུང་སྐྱོང་དང་བསྐྱར་གསོར་ཤུགས་སྣོན་རྒྱག་པ། སྣོད་བཅུད་ཁོར་ཡུག་གི་ཉེན་ཁ་ནན་ཏན་ངང་སྔོན་འགོག་ཚོད་འཛིན་བྱེད་པ། སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ། སྣོད་བཅུད་ཁོར་ཡུག་དོ་དམ་མ་ལག་ཅན་དང་། ཚན་རིག་ཅན། ཁྲིམས་སྐྱོང་ཅན། ཞིབ་ཚགས་ཅན། ཆ་འཕྲིན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་ལ་སྤུས་ལེགས་ཀྱི་སྣོད་བཅུད་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་དགོས་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་འབུལ་དགོས། 2020ལོར་སླེབས་སྐབས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་སུ་འགྲོ་བ་བྱེད་དགོས་ཤིང་། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལྗང་མདོག་དང་ཐཱན་ཉུང་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྦགས་བཙོག་དངོས་པོ་གཙོ་བོའི་འབུད་ཚད་ཉུང་དུ་གཏོང་བ། ཁོར་ཡུག་གི་ཉེན་ཁ་ཚོད་འཛིན་ནུས་ལྡན་ཐུབ་པ། སྐྱེ་དངོས་སྣ་མང་རང་བཞིན་ཆག་ཚུལ་གཞི་རྩའི་ཆ་ནས་ཚོད་འཛིན་ཐུབ་པ། སྣོད་བཅུད་མ་ལག་གི་བརྟན་ཚད་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་གཞི་རྩའི་ཆ་ནས་ཆགས་པ། སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཐད་ཕན་འབྲས་གལ་ཆེན་ཐོབ་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་དང་འཚམ་པ་བཅས་བྱེད་དགོས།
         《འཆར་འགོད་》ནང་། འབྱུང་ཁུངས་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། སྤུས་ཚད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་སྤྱོད་ཆེན་པོ་གསུམ་གྱི་འཆར་གཞི་ལག་བསྟར་ཤུགས་ཆེན་བྱེད་དགོས་པ། ཆེད་དོན་བཅོས་སྐྱོང་ལག་བསྟར་བྱས་ཏེ་ཚད་མཐུན་ཕྱིར་འབུད་དང་སྦགས་བཙོག་ཉུང་འབུད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ། བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན་བྱས་ཏེ་ཁོར་ཡུག་གི་ཉེན་ཁ་ནུས་ལྡན་ངང་དོགས་ཟོན་དང་ཆུང་དུ་གཏོང་དགོས་པ། སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྣོད་བཅུད་བསྐྱར་གསོར་ཤུགས་སྣོན་རྒྱག་དགོས་པ། ལམ་ལུགས་གསར་གཏོད་མགྱོགས་པོ་བྱས་ཏེ་བཅོས་སྐྱོང་མ་ལག་དང་ནུས་པ་དེང་རབས་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། རྒྱལ་ཁབ་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་གྲྭ་གལ་ཆེན་ཁག་གཅིག་ལག་བསྟར་བྱས་ཏེ་རྣམ་གྲངས་དང་ཁོར་ཡུག་ཐད་ཕན་འབྲས་གཞིར་བཟུང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་བྱས་ཡོད།
         《འཆར་འགོད་》ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གཅུན་སྡོམ་རང་བཞིན་གྱི་སྟོན་གྲངས་དང་སྔོན་དཔག་རང་བཞིན་གྱི་སྟོན་གྲངས་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།