འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་དབུས་ལྷོའི་དུས་གཏན་མེ་འཁོར་ཐོག་མ་དེ་ལྷ་སར་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 08:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་གྱི་ཕྱི་དྲོ། མེ་འཁོར་གྱི་དུང་སྒྲ་དང་བསྟུན་ནས་ཀོང་ཀྲོའུ་ནས་བོད་དུ་ཡོང་བའི་ཀོང་ཏུང་ནས་བོད་བརྒྱུད་དེ་ཨེ་ཤེ་ཡ་དབུས་ལྷོར་གཏོང་བའི་དུས་གཏན་མེ་འཁོར་ཐོག་མ་དེ་ལྷ་སའི་དོས་འདྲེན་མེ་འཁོར་བབས་ཚུགས་སུ་འབྱོར་ཡོད། དུས་གཏན་མེ་འཁོར་དེས་ཀོང་ཏུང་ནས་བོད་དང་དེ་ནས་ནེ་པ་ལ་བར་གྱི་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་བགྲོད་ལམ་བཏོད་དེ། ཀོང་ཏུང་དང་བོད་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་བོད་འདི་ཉིད“ཨེ་ཤེ་ཡ་ལྷོ་མའི་དཔལ་འབྱོར་ཁུལ”དང་མགྱོགས་མྱུར་སྦྲེལ་མཐུད་ཐུབ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀོང་ཏུང་ནས་བོད་བརྒྱུད་དེ་ཨེ་ཤེ་ཡ་དབུས་ལྷོར་འབྱོར་བའི་དུས་གཏན་མེ་འཁོར་ཐོག་མ་དེ་ཏ་ལང་ནས་ཐོན་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་བར་གྱི་ལྕགས་ལམ་དང་། མཚོ་བོད་ལྕགས་ལམ། ལྷ་གཞིས་ལྕགས་ལམ། གཞིས་རྩེ་ནས་སྐྱིད་གྲོང་བར་གྱི་གཞུང་ལམ་བཅས་བརྒྱུད་དེ་སྐྱིད་གྲོང་འགག་སྒོ་ནས་ས་མཚམས་སྒྲོལ་ཏེ་ནེ་པ་ལའི་ཀ་ཏ་མན་རྡུ་རུ་འབྱོར་རྒྱུ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་6070(དེའི་ཁྲོད་ལྕགས་ལམ་སྤྱི་ལེ་5200དང་གཞུང་ལམ་སྤྱི་ལེ་870)དང་ལྕགས་ལམ་འཁོར་སྐྱོད་དུས་ཚོད་ཉིན་5ཡིན་པ་རེད།
         དུས་གཏན་མེ་འཁོར་དེར་ཚད་ལྡན་གྱི་འཁོར་སྒྲོམ་8དང་ཁེབས་ཡོད་དོས་སྒྲོམ་14བཀོད་སྒྲིག་བྱས་ཡོད་པ་དང་། དངོས་ཟོག་ནང་གཙོ་བོ་གྱོན་གོས་དང་། ཁྱིམ་ཆས། གློག་ཆས་བཅས་དང་དེ་བཞིན་གློག་རྡུལ་ཐོན་རྫས་སོགས་ཡོད་པ་དེར་རིན་གོང་སྒོར་ཁྲི་1900ཟིན་གྱི་ཡོད། ཚོད་རྩིས་བྱས་པར་གཞིགས་ན། ཀོང་ཏུང་ནས་བོད་བརྒྱུད་དེ་ཨེ་ཤེ་ཡ་དབུས་ལྷོར་འབྱོར་བའི་དུས་གཏན་མེ་འཁོར་དེ་ཚོད་འཁོར་ཡོལ་རྗེས་ཀོང་ཏུང་ནས་ལྷ་ས་བར་དང་གཞིས་རྩེ་ནས་སྐྱིད་གྲོང་མཐའ་མཚམས་འགག་སྒོའི་བར་སྐྱེལ་འདྲེན་དུས་ཚོད་ཉིན་3.7བར་ཐུང་དུ་འགྲོ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞིའི་ལས་རོགས་ལུའོ་མེ་ཡིས་ཀོང་ཏུང་ནས་བོད་བརྒྱུད་དེ་ཨེ་ཤེ་ཡ་དབུས་ལྷོར་འབྱོར་བའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་ནི་བོད་དང་ཀོང་ཏུང་ཞིང་ལྗོངས་གཉིས་དབར་སྟབས་བདེ་ལ་ནུས་པ་མཐོ་བའི་ཚོང་དོན་བགྲོད་ལམ་བཏོད་དེ། ལེ་ལག་ཚང་བའི་ཐོན་ལས་དེ་བས་མང་བ་བོད་ཀྱི་བགྲོད་ལམ་ལམ་རྒྱུད་དུ་གཅིག་ཏུ་བསྡུ་རྒྱུའི་ཡིད་དབང་བཀུག་ནས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་པ་བརྗེ་འགྱུར་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།
         ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་ཀོ་པིན་ཏེ·པ་ཧོ་ཏུའུ་འར·ཁེའར་གྱིས“ཀོང་ཏུང་ནས་བོད་བརྒྱུད་དེ་ཨེ་ཤེ་ཡ་དབུས་ལྷོར་འབྱོར་བའི་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་པ་དེས་ནེ་པ་ལའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་ཐེབས་རྒྱུ་རེད་ལ། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་དབར་གྱི་སྤེལ་རེས་ལ་སྐུལ་མ་ཐེབས་རྒྱུ་ཡིན་པས། དུས་གཏན་མེ་འཁོར་དེས་ཀྲུང་གོ་དང་ནེ་པ་ལའི་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།