འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཡོངས་ལ་ཀྲུང་གོའི་སྐད་སྒྲ་སྒྲོག་སྤེལ་བྱེད།

    —— དེང་རབས་ཀྲུང་གོའི་རིན་ཐང་ལྟ་བའི་དཔེ་དེབ་འཛམ་གླིང་ལ་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་29ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དཔེ་སྐྲུན་ལས་རིགས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་། སྤྱི་ཚོགས་ཀྱི་ལམ་ལུགས། གཙོ་རྒྱུན་གྱི་རིན་ཐང་ལྟ་བ་བཅས་ལ་གསལ་འགྲེལ་དང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་གཞི་རྩའི་བསམ་ཕྱོགས་དང་། མཛད་ཕྱོགས་སྲིད་ཇུས། གྲུབ་འབྲས་གལ་ཆེན་བཅས་ལ་གསལ་འགྲེལ། ཀྲུང་གོའི་ཕུགས་འདུན་གྱི་ནང་དོན་ཕུན་སུམ་ཚོགས་པོ་དང་འཛམ་གླིང་གི་དོན་སྙིང་གསལ་འགྲེལ་བཅས་བྱ་རྒྱུར་དམ་པོར་དམིགས་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་སྐད་སྒྲ་སྒྲོག་སྤེལ་ཡག་པོ་བྱེད་པ། ཀྲུང་གོའི་དེང་རབས་ཀྱི་རིན་ཐང་ལྟ་བ་མཚོན་པའི་དཔེ་དེབ་འཛམ་གླིང་ལ་སྔར་ལས་མང་བ་ཁྱབ་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ཏེ་ཕྱི་རྒྱལ་གྱི་ཀློག་པ་པོས་ཀྲུང་གོ་ངོས་འཛིན་དང་། ཀྲུང་གོ་ཤེས་རྟོགས། ཀྲུང་གོ་རྒྱུས་ལོན་བཅས་བྱེད་རོགས་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།
         ད་ཆ་དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་སྒྲོག་སྤེལ་བྱེད་པའི་དཔེ་དེབ་འབོར་ཆེན་ཞིག་ལ་ཕྱི་རྒྱལ་དུ་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད།
         —— བརྗོད་བྱ་གཙོ་བོའི་དཔེ་སྐྲུན་དངོས་པོ་གལ་ཆེན་མང་པོ་ཞིག་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། 《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་འདི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ལ་ཡིག་རིགས་མི་འདྲ་བ་12ཙམ་བཏོན་པ་དང་ཕྱི་རྒྱལ་ལ་འགྲེམས་སྤེལ་བྱེད་ཚད་དེབ་གྲངས་ཁྲི་50ལྷག་ཙམ་ཟིན་ཏེ་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཆབ་སྲིད་རིགས་ཀྱི་དཔེ་དེབ་དུས་ཡུན་ཐུང་ངུའི་ནང་ཕྱི་རྒྱལ་ལ་འགྲེམས་སྤེལ་བྱེད་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་ཧན་གོ་དང་། ཐེ་ལན། ཝེ་ཐེ་ནམ། དབྱི་ཐ་ལི། ཨར་པ་ནི་ཡ། ཕ་ཁི་སི་ཐན། ཧང་ག་རི། མོང་གོལ་སོགས་རྒྱལ་ཁབ་ལ་པར་དབང་བཙོངས་ཟིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིང་ཀེས“དེབ་དེས་གཙོ་འཛིན་ཞིག་དང་། རྒྱལ་ཁབ་ཅིག ལོ་ངོ་སྟོང་ཕྲག་མང་པོའི་ཤེས་དཔལ་བཅས་ལ་རྒྱུས་མངའ་ཡོང་བ་བྱེད་པར་དཀར་ཆ་དོད་ལ་རྒྱ་ཆེ་བའི་སྒེའུ་ཁུང་ཞིག་ཕྱེ་བ་དང་མཚུངས”ཞེས་གསུངས་ཡོད། 《ལོ་རྒྱུས་ཀྱི་རྗེས་ཤུལ། ཀྲུང་གོ་གུང་ཁྲན་ཏང་འཇོན་ཐང་དེ་འདྲ་ཡོད་དོན་ཅི་》ཞེས་པའི་དེབ་འདི་སྔ་རྗེས་སུ་བཟོ་བཅོས་ཐེངས་གསུམ་བྱས་པ་དང་ཡིག་རིགས་མི་འདྲ་བ་12ཀྱི་པར་མ་13བཏོན་ཡོད། 《འགྲོགས་བདེ་གཤིབ་བདེ——ཞིས་ཅིན་ཕིང་གི་གསུང་སྒྲོས་ཀྱི་སྟོབས་ཤུགས་》ཞེས་པའི་པར་དབང་ཨ་རི་དང་། ཧན་གོ རི་པིན་སོགས་རྒྱལ་ཁབ་དང་ས་ཁུལ་ལ་བཙོངས་པའི་ཁྲོད་དབྱིན་ཡིག་པར་མ་པར་འདེབས་བྱེད་ཚད་དེབ་གྲངས་ཁྲི་5ཟིན་པ་དང་ཧན་གོའི་ཡི་གེའི་པར་མ་དང་རི་པིན་གྱི་ཡི་གེའི་པར་མ་ཡང་དེབ་གྲངས་ཁྲི་1ཟིན་ཡོད།
         —— ཀྲུང་གོའི་ཕུགས་འདུན་དང་། ཀྲུང་གོའི་འགྲོ་ལམ། ཀྲུང་གོ་གུང་ཁྲན་ཏང་བཅས་ངོ་སྤྲོད་བྱེད་པའི་དཔེ་དེབ་མང་པོ་ཞིག་བྲིན་ཁ་ཧ་ཅང་རྒྱུག་པ། རྒྱལ་སྤྱིའི་འབྲེལ་བའི་མཁས་དབང་དགེ་རྒན་ཆེ་མོ་བ་ཀྲང་ཝུའེ་ཝུའེ་ཡིས་བྲིས་པའི་དེབ་《ཧ་ལས་དགོས་པའི་ཀྲུང་གོ་》 《དར་རྒྱས་ཆེ་བའི་ཀྲུང་གོ་》 《ཀྲུང་གོའི་ཚད་བརྒལ་》བཅས་ད་བར་བྲིན་ཚོང་བྱེད་ཚད་དེབ་གྲངས་ཁྲི་བརྒྱ་ལྷག་ཟིན་པ་དང་ཕྱི་རྒྱལ་གྱི་ཡིག་རིགས་མི་འདྲ་བ་8ཀྱི་ཐོག་ནས་ཕྱི་ཕྱོགས་ལ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། 《ཀྲུང་གོའི་ཕུགས་འདུན། སུའི་ཕུགས་འདུན་ཡིན་》དང་། 《ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ། ཀྲུང་གོའི་ཕུགས་འདུན་དང་འཛམ་གླིང་》 《འཇིག་རྟེན་སྐྱོང་བའི་གནས་ལུགས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་》སོགས་ཡིག་རིགས་མང་པོ་ཞིག་ལ་བསྒྱུར་ཡོད་པ་དང་པར་དབང་ཡང་ཨ་རི་དང་། དབྱིན་ཇི། འཇར་མན། ཧྥ་རན་སེ། ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་ཕྲག་ཁ་ཤས་ལ་བཙོངས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། དབྱིན་ཡིག་པར་མའི་《ཀྲུང་གོའི་ཕུགས་འདུན་》ཞེས་པའི་དེབ་དེ་ཨ་རིའི་སྐད་གྲགས་ཆེ་ཤོས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་པར་ངོས་ཆེན་པོའི་ཐོག་གཏོང་སྤེལ་བྱས་པ་དང་ཨ་རིར་བྲིན་ཁ་རྒྱུག་ཤོས་ཀྱི་དཔེ་དེབ་ཀྱི་གྲལ་ལའང་ཚུད་པ་མ་ཟད། ཨ་རིའི་སློབ་ཆེན་གྱི་སློབ་ཚན་ནང་ལའང་བཀོད་སྒྲིག་བྱས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གིས་ཇི་ལྟར་བྱས་ཏེ་རྒྱལ་ཁབ་སྐྱོང་གི་ཡོད་དམ་》དང་། 《ཀྲུང་གོའི་ཐ་སྙད་གཙོ་བོ་》སོགས་ཡིག་རིགས་མི་འདྲ་བའི་དཔེ་དེབ་མང་པོ་ཞིག་ལ་ཕན་འབྲས་ཆེན་པོ་ཐོན་ཡོད།
         —— ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཛམ་གླིང་འབྲེལ་བ་གསལ་འགྲེལ་བྱས་པའི་དཔེ་དེབ་མང་པོ་ཞིག་ལ་དོ་ཁུར་ཐོབ་པ། འཛམ་གླིང་ཡོངས་ཀྱིས་དོ་ཁུར་བྱེད་པའི་གླེང་གཞིར་དམིགས་ནས་《འཛམ་གླིང་དང་མཉམ་དུ་བསྐྱོད——ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་སྐོར་གྱི་དངོས་བྲིས་》བཏོན་མ་ཐག་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུར་དམིགས་ནས་《“རྒྱུད་གཅིག་ལམ་གཅིག”གི་པར་དེབ་》དང་《ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་པ་》སོགས་ཀྱི་དཔེ་དེབ་ཀྱི་པར་དབང་ཕྱི་རྒྱལ་གྱིས་ཉོས་ཡོད། གྲགས་ཅན་དཔལ་འབྱོར་རིག་པ་མཁས་ཅན་ལིན་དབྱི་ཧྥུའུ་ཡིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་གསལ་འགྲེལ་བྱས་པའི་སྐོར་གྱི་དེབ་《ཀྲུང་གོའི་དཔལ་འབྱོར་གསལ་འགྲེལ་》དང་《ཀྲུང་གོའི་དཔལ་འབྱོར་ཆེད་དོན་》གཉིས་ཀྱི་པར་དབང་ཕྱི་རྒྱལ་ལ་བདེ་བླག་ངང་བཙོངས་པ་མ་ཟད། 《ཀྲུང་གོའི་དཔལ་འབྱོར་ཆེད་དོན་》ཞེས་པའི་དེབ་དེའང་8000ལྷག་བཙོངས་ཟིན་ཡོད།
         —— ཀྲུང་གོའི་དེང་རབས་རིག་གནས་ལྟ་བ་དང་ཞིབ་འཇུག་གྲུབ་འབྲས་འགྲེལ་བཤད་བརྒྱབ་པའི་རིག་གཞུང་གསུང་རྩོམ་མང་པོ་ཞིག་འཛམ་གླིང་ཡོངས་སུ་སྐད་གྲགས་ཆོད་པ། 《ཀྲུང་ཧྭའི་ཤེས་དཔལ་གྱི་ལྟེ་བའི་རིན་ཐང་》ཞེས་པ་ཡིག་རིགས་15ལ་པར་དབང་སྤྲད་པ་དང་།《ཀྲུང་གོའི་ཤེས་དཔལ་ལོ་རྒྱུས་གླེང་བ་》ཞེས་པ་ཡིག་རིགས་5ལ་པར་དབང་སྤྲད་པ། 《ཀྲུང་གོའི་སྙིང་སྟོབས——ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་སྐྱེད་སྲིང་བྱེད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན》དང་། 《ཀྲུང་གོའི་ཤེས་དཔལ་གྱི་རྩ་བ——མི་རིགས་བསྐྱར་དར་གྱི་ལྟེ་བའི་རིན་ཐང་》 དེ་བཞིན《འབྲེལ་བ་དང་བརྒྱུད་རིམ——ཀྲུང་གོའི་རྒྱལ་སྤྱིའི་འབྲེལ་བའི་རིགས་པའི་གཞུང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་》《ཀྲུང་གོའི་གྲོང་ཁྱེར་གྱི་རིག་གནས་ཞིབ་འཇུག་》སོགས་ཨ་རི་དང་ཝེ་ཐེ་ནམ་སོགས་རྒྱལ་ཁབ་དང་ས་ཁུལ་ལ་བཙོངས་པ། 《ཀྲུང་གོའི་ཤེས་དཔལ་ལོ་རྒྱུས》དང་། 《ཀྲུང་གོའི་དེང་རབས་རྩོམ་རིག་ལོ་རྒྱུས་》 《ཀྲུང་གོའི་དེང་སྐབས་དར་ཁྱབ་ཆེ་བའི་རྩོམ་རིག་ལོ་རྒྱུས་》 《ཀྲུང་གོའི་དེང་སྐབས་རྩོམ་རིག་འཕེལ་རྒྱས་ལོ་རྒྱུས་》སོགས་ཅན་ཆའོ་སློབ་ཆེན་དཔེ་སྐྲུན་ཁང་དང་ཧོ་ལན་པོ་རུའེ་དཔེ་སྐྲུན་ཁང་སོགས་ཀྱིས་ཉོས་ཡོད།
         ——ཕྱི་རྒྱལ་གྱི་མཁས་དབང་གིས་ཀྲུང་གོའི་སྐོར་གླེང་བའི་དཔེ་དེབ་མང་པོ་ཞིག་ལ་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་པ། ས་འབྲེལ་ཆབ་སྲིད་རིག་པ་མཁས་ཅན་ཨེན་ཏོའར་གྱི་《དམིགས་ཚད་ཀྲུང་གོ་》དང《“རྒྱུད་གཅིག་ལམ་གཅིག”སྟེ། ཡོ་རོབ་དང་ཨེ་ཤེ་ཡའི་དུས་རབས་གསར་པ་མཉམ་དུ་གཏོད་》སོགས་བརྩམས་ཆོས་ནང་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཀྱི་འོས་བབ་རང་བཞིན་དང་ལུགས་མཐུན་རང་བཞིན་འགྲེལ་བཤད་བརྒྱབ་ནས་ཡིག་རིགས་18ལ་བསྒྱུར་ཟིན་ཡོད། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་ཕྱི་རྒྱལ་བ་སྒྲིག་འཛུགས་བྱས་ནས་ཐད་ཀར་རྩོམ་འབྲི་བྱས་པའི་དེང་སྐབས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་དང་རིག་གནས་ཁྱད་ཆོས་མཚོན་པའི“ཀྲུང་གོའི་ཡུལ་ལྗོངས་ཧྲིལ་པོ”དང་། “ཀྲུང་གོའི་གྲོང་ཁྱེར་གྱི་ཟིན་ཐོ”“ཕྱི་རྒྱལ་བས་ཀྲུང་གོར་ལྟ་བ”སོགས་ཀྱི་དཔེ་ཚོགས་ལ་ཕྱི་རྒྱལ་གྱི་ཀློག་པ་པོའི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།