འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ནུས་པ་དང་སྤུས་ཚད་གཉིས་ཀ་མཐོ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་26ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གཞི་རིམ་སྨན་བཅོས་སྒྲིག་གཞི་ཞན་པ་ནི་མཚོ་སྔོན་ཞིང་འབྲོག་ཁུལ་གྱི་མི་སེར་ཚོའི་ནད་ལྟ་དཀའ་བ་དང་སྨན་རིན་མཐོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་མ་ཟད། རིམ་དབྱེའི་ནད་བརྟག་སྨན་བཅོས་ཀྱི་གཙོ་གནད་དང་དཀའ་གནད་ཅིག་ཀྱང་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཞབས་ཞུའི་ནུས་པ་གཙོ་གནད་ཐོག་ཆེ་རུ་བཏང་བ་དང་། གྲོང་གསེབ་སྨན་བཅོས་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་ཆབས་ཅིག གྲོང་གསེབ་སྨན་པའི་དཔུང་ཁག་གསོ་སྐྱོང་ཤུགས་ཆེན་བྱས་པས་རིམ་དབྱེའི་ནད་བརྟག་སྨན་བཅོས་ཀྱི་སྒྲིག་ལམ་གཞི་རྩའི་ཆ་ནས་ཆགས་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ནས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
          2011ལོར་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གཅིག་གྱུར་གྱི་ཚད་གཞི་ལྟར་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་འཛུགས་རྒྱུ་དང་། དངོས་ཡོད་ཞབས་ཞུའི་མི་གྲངས་སོགས་གཞིར་བཟུང་ནས་ཤང་དང་གྲོང་ཚོའི་སྨན་བཅོས་སྒྲིག་གཞིའི་མཁྲེགས་ཆས་སྒྲིག་བཀོད་ཚད་གཞི་དང་སྨན་དོན་མི་སྣའི་བསྡུར་ཚད་གཏན་འཁེལ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ཁ་གཏད་རོགས་སྐྱོར་ལམ་སྲོལ་བཙུགས་ནས་སྨན་བཅོས་ཐོན་ཁུངས་ཀྱི་གྲངས་འབོར་འཕར་ཚད་དེ་སྤུས་ཀ་འཕར་ཚད་ལ་བསྒྱུར་རྒྱུ་བཅས་ཀྱི་ཐག་བཅད་ནས་ལོ་ཤས་རིང་ལས་སྒྲུབ་ཧུར་ཐག་བྱས་པར་ཕན་འབྲས་ཡག་པོ་ཐོབ་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “གཞི་རིམ་སྟོབས་ཆེར་གཏོང་བའི”བརྒྱུད་རིམ་ཁྲོད། མཚོ་སྔོན་གྱིས་གོ་ཆོད་སྨན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། འདི་ལོར་སློབ་གྲྭ་ནས་ཐོན་པའི་གོ་ཆོད་སྨན་པ་169ཚང་མ་གཞི་རིམ་དུ་ལས་ཞུགས་བྱས་པ་དང་། དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་ཁ་ཕྱོགས་གཏན་འཁེལ་གྱི་གོ་ཆོད་སྨན་པ་300རིན་མེད་གསོ་སྐྱོང་བྱེད་པའི་རྣམ་གྲངས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག མཚོ་སྔོན་གྱིས་ད་དུང་སྨན་ཁང་རིམ་པ་གསུམ་པ་དང་། གཉིས་པ། དང་པོ་བཅས་ཀྱི་སྨན་བཅོས་རུ་ཁག་137གྱི་སྨན་དོན་མི་སྣ་1225ཡིས་གཞི་རིམ་དུ་རིགས་ཚན་འཛུགས་སྐྱོང་དང་ཆེད་ལས་གཤགས་བཅོས་རྩལ་ནུས་ཀྱིས་གཙོས་པའི་གནད་སྨིན་རོགས་སྐྱོར་བྱས་ནས། ཞིང་འབྲོག་ཁུལ་གྱི་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ནུས་པ་དང་སྤུས་ཚད་གཉིས་ཀ་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།