འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཁས་དབང་ཚེ་ཏན་ཞབས་དྲུང་དང་བསམ་གྲུབ་རྒྱ་མཚོ་མཆོག་གཉིས་ཀྱི་རིག་གཞུང་བགྲོ་
    གླེང་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཚོགས་ཞུགས་མི་སྣའི་མཉམ་པར།
    ཚོགས་ཞུགས་མི་སྣའི་མཉམ་པར།
           མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་11ཚེས་19ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱིས་གཙོ་གཉེར་དང་། ཚན་ཞིབ་ཁྲུའུ་དང་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་རོགས་སྒྲུབ་གནང་བའི་“མཁས་དབང་ཚེ་ཏན་ཞབས་དྲུང་དང་བསམ་གྲུབ་རྒྱ་མཚོ་མཆོག་གཉིས་ཀྱི་རིག་གཞུང་བསམ་བློའི་བགྲོ་གླེང་ཚོགས་འདུ་”ཞེས་པ་ནུབ་བྱང་མི་རིགས་སློབ་ཆེན་དུ་གཟབ་རྒྱས་ངང་འཚོགས། སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྒྲིག་ཨུའི་ཧྲུའུ་ཅི་ཝང་བཀྲ་ཤིས་དང་། སློབ་གཙོ་གཞོན་པ་དགེ་རྒན་ཆེན་མོ་ཧོ་ཡེ། ནུབ་བྱང་མི་རིགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཟུར་བ་སྙིང་བོ་རྒྱལ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཟུར་བའམ་དགེ་རྒན་ཆེན་མོ་གཉའ་ཀོང་དཀོན་མཆོག་ཚེ་བརྟན། ལོ་ཙཱ་བ་ཆེན་མོ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་ཧི་ཝིན་ཞོན། བོད་ཀྱི་སྐད་ཡིག་ཞིབ་འཇུག་ཆེད་མཁས་པ་དགེ་རྒན་ཆེན་མོ་མཱ་ཅིན་ཝུའུ། སྐད་བརྡ་རིག་པའི་ཆེད་མཁས་པ་དགེ་རྒན་ཆེན་མོ་དཔའ་མཁར། བོད་ཀྱི་མཁས་དབང་ཟླ་བ་བློ་གྲོས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་དགེ་རྒན་ཆེན་མོ་རྒྱལ་མོ་འབྲུག་པ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ། འབུམ་རམས་པའི་སློབ་དཔོན། དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་ཡོན་ཀྲང་གཞོན་པ་དགེ་རྒན་ཆེན་མོ་རྡོ་ཕྲུག ལན་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆོས་འཕེལ་དང་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་ཐོགས་མེད། དགེ་རྒན་ཆེན་མོ་ལྷ་མཆོག་རྒྱལ། དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་། དགེ་རྒན་ཆེན་མོ་དགེ་འདུན་བསམ་གཏན་སོགས་མཁས་དབང་དང་སློབ་གྲྭའི་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འགན་ཁུར་བ། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཡོངས་དང་། ཞིབ་འཇུག་སློབ་མ། དངོས་གཞིའི་ཚན་ཁག་བཅས་ཀྱི་སློབ་མ་ཁྱོན་བསྡོམས600ལྷག་ཙམ་ཚོགས་འདུར་ཞུགས་ཡོད། བགྲོ་གླེང་ཚོགས་འདུ་ནི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་པད་མ་དབང་ཆེན་གྱིས་གཙོ་སྐྱོང་གནང་བ་རེད།
          སློབ་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་ཧོ་ཡེས་སློབ་གྲྭའི་ཚབ་བྱས་ཏེ་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་ནས་བགྲོ་གླེང་ཚོགས་འདུ་བདེ་བླག་ངང་སྐོང་ཚོགས་གནང་བར་རྟེན་འབྲེལ་ཞུས། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་གླིང་གཙོའམ་དགེ་རྒན་ཆེན་མོ་དཔའ་ཆེན་ཐར་གྱིས་མཁས་དབང་ཚེ་ཏན་ཞབས་དྲུང་དང་བསམ་གྲུབ་རྒྱ་མཚོ་མཆོག་གཉིས་ཀྱི་རིག་གཞུང་གི་མི་ཚེའི་ལོ་རྒྱུས་དང་རིག་གཞུང་ཞིབ་འཇུག་གི་འབྲས་བུ དུས་མཚུངས་སུ་མཁས་དབང་མཆོག་གཉིས་ཀྱིས་བོད་སྐད་ཡིག་རྩོམ་རིག་ཆེད་ལས་འཛུགས་སྐྲུན་ཐད་བྱས་རྗེས་བླ་མེད་ཕུལ་བར་ཆེད་དུ་ངོ་སྤྲོད་གནང་བ་རེད།
          དེའི་རྗེས་ཀྱི་གཙོ་དོན་གསུང་བཤད་ལ་ཐོག་མར་དགེ་རྒན་ཆེན་མོ་མཱ་ཅིན་ཝུའུ་ཡིས་《སློབ་དཔོན་གཉིས་ནི་ང་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེ་ཡག་ཤོས་ཡིན་》ཅེས་པའི་གསུང་བཤད་གནང་། ཁོང་གིས་གཙོ་བོ་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་རིག་གཞུང་ཞིབ་འཇུག་གི་ཉམས་མྱོང་དང་ཐབས་ཤེས་ངོས་ནས་གསུང་བཤད་གནང་། སློབ་ཁྲིད་གནང་ཐབས་དཔེར་བླངས་ནས་བརྗོད་པ་དང་། ཐུན་མོང་མ་ཡིན་པའི་དཔེ་ཀློག་གནང་ཐབས་སོགས་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་གཏིང་ཟབ་པའི་རིག་གཞུང་བསམ་བློ་དང་གཟབ་ནན་གྱི་རིག་གཞུང་གི་སྤྱོད་པ། གོ་བདེ་ལ་གཏིང་ཟབ་པའི་སློབ་ཁྲིད་ཐབས་ལམ་ལ་རྗེས་དྲན་དང་དྲན་གསོ་ཞུས་ཏེ། མཁས་པའི་དབང་པོ་གང་དེས་དཔེ་ཁྲིད་སློབ་སྐྱོང་དང་རིག་གཞུང་ཞིབ་འཇུག་ཐད་ཀྱི་བྱས་རྗེས་ཆེན་པོ་ལ་རྗེས་དྲན་བྱས། སློབ་དཔོན་ཆེན་མོ་བསམ་གྲུབ་རྒྱ་མཚོ་ནི་གནམ་རིག་སྐར་རྩིས་རིག་པའི་མཁས་དབང་ཆེན་མོ་ཡིན། སྔ་རྗེས་སུ་ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན་སོགས་མཐོ་སློབ་ཁག་ཏུ་བོད་ཀྱི་གནམ་རིག་སྐར་རྩིས་རིག་པའི་ཐད་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་གནང་། 《བོད་ཀྱི་གནམ་རིག་སྐར་རྩིས་རིག་པའི་ཚིག་མཛོད་》རྩོམ་སྒྲིག་བྱས། བོད་ཀྱི་སྲོལ་རྒྱུན་གནམ་རིག་སྐར་རྩིས་རིག་པ་དེང་རབས་ཅན་དུ་བསྒྱུར་པར་བྱས་རྗེས་བླ་མེད་ཕུལ་ཡོད།
          ཞིབ་འཇུག་པ་རྒྱལ་མོ་འབྲུག་པ་དང་། དགེ་རྒན་ཆེན་མོ་རིན་ཆེན་རྡོ་རྗེ། དགེ་རྒན་ཆེན་མོ་རྡོ་ཕྲུག དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་། དགེ་རྒན་ཆེན་མོ་དགེ་འདུན་བསམ་གཏན། དགེ་རྒན་ཆེན་མོ་རྡོ་རྗེ་རིན་ཆེན། དགེ་རྒན་ཆེན་མོ་སྒོམ་པ་བཀྲ་ཤིས་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་། སློབ་དཔོན་ཆེན་པོ་གཉིས་ལ་དྲན་གསོ་ཞུ་བ་དང་། སློབ་དཔོན་ཆེན་པོ་རྣམ་གཉིས་ཀྱི་རིག་གཞུང་དང་རིག་གནས་བསམ་བློ། སློབ་ཁྲིད་ཀྱི་ཐབས་ལམ་དང་རིག་གཞུང་ཞིབ་འཇུག་བྱེད་ཐབས་བཅས་ལ་གདེང་འཇོག་གནང་སྟེ། སློབ་དཔོན་ཆེན་པོ་གཉིས་ཀྱི་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཀྱི་གྲུབ་འབྲས། རིག་གནས་སློབ་གསོ་ཐད་ཀྱི་བྱས་རྗེས་ལ་ཁས་ལེན་གནང་། ཕྱི་དྲོ་ཚོགས་འདུ་ཚོགས་ཆུང་གཉིས་སུ་བགོས་ནས་བགྲོ་གླེང་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ཞུ་ཆེན་པ་ཟླ་བ་བློ་གྲོས་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབུམ་སྐྱབས། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཟུངས་འབུམ་ཐར་སོགས་ཆེད་ལས་མཁས་དབང་20ལྷག་ཙམ་གྱིས་སྔ་རྗེས་སུ་གཏམ་བཤད་གནང་། ཆེད་ལས་མཁས་དབང་རྣམ་པས་ཕྱོགས་མི་འདྲ་བའི་ཐོག་ནས་རང་རང་སོ་སོའི་ཀྱི་རིག་གཞུང་ཉམས་མྱོང་དང་སྦྲགས་ཏེ། མཁས་མཆོག་རྣམ་པ་གཉིས་ཀྱི་རིག་གཞུང་བསམ་བློ་ལ་ངོས་ཟིན་དང་། མཁས་དབང་ཚེ་ཏན་ཞབས་དྲུང་དང་བསམ་གྲུབ་རྒྱ་མཚོ་མཆོག་གཉིས་ཀྱིས་མི་རིགས་སློབ་གསོའི་བྱ་གཞག་ཐད་བཞག་པའི་མཛད་མེད་ཀྱི་བྱས་རྗེས་ལ་རྗེས་དྲན་བྱས་ཏེ། མཁས་དབང་ཚེ་ཏན་ཞབས་དྲུང་དང་བསམ་གྲུབ་རྒྱ་མཚོ་མཆོག་གཉིས་ཀྱི་གཟབ་ནན་གྱི་རིག་གཞུང་ཞིབ་འཇུག་གི་ཤེས་རབ་དང་ཞིབ་འཇུག་གི་སྤྱོད་པ། གསར་གཏོད་ཀྱི་ཞིབ་འཇུག་གི་ཐབས་ལམ། གནད་དུ་འཕིགས་པའི་རིག་གཞུང་གི་ལག་ལེན་སོགས་ཁྱད་འཕགས་ཀྱི་བསམ་བློ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མུ་མཐུད་དུ་དར་རྒྱས་གོང་སྤེལ་གཏོང་བ་དང་ཐུན་མོང་གི་རིག་གཞུང་ཞིབ་འཇུག་གི་དཔེར་རྒྱུན་དང་རིག་གཞུང་ལས་རིགས་ཐུན་མོང་གི་བསམ་པའི་རྒྱུ་ནོར་དུ་བཟུང་དགོས་སོ། ། ཀྲུང་གོའི་བོད་ལྗོངས་དྲ་བ་ལས་དྲངས།
    མཁས་པ་རྣམས་ཀྱིས་བགློ་གླེང་གནང་བཞིན་པ།
    མཁས་པ་རྣམས་ཀྱིས་བགློ་གླེང་གནང་བཞིན་པ།
    ཚོགས་འདུའི་ཡུལ་དངོས།
    ཚོགས་འདུའི་ཡུལ་དངོས།
    ཚོགས་འདུའི་ཡུལ་དངོས།
    ཚོགས་འདུའི་ཡུལ་དངོས།
      

    ཕྱོགས་བསྡུས་གསར་འགྱུར།