འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གོམས་གཤིས་འདི་གསུམ་ལས་ཐ་མག་འཐེན་པས་ཀྱང་འབྲས་སྐྲན་གྱི་ནད་འབྱུང་སླ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 16:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལྗར་པན་རྒྱལ་ཁབ་ཀྱི་དྲ་ཚིགས་livedoorཐོག་སྤེལ་བའི་རྩོམ་ཡིག་ཅིག་ལྟར་ན། ཐ་མག་འཐེན་པ་ལས་མིའི་པགས་པ་རྒས་འགྱུར་དང་ཞི་ལྷོད་དུ་མགྱོགས་མྱུར་འགྱུར་སྲིད་པ་ཤེས་ཀྱི་ཡོད་དམ། དེ་འདྲ་ཡིན་པ་མ་ཟད། ཐ་མག་འཐེན་པ་ནི་ད་དུང་ཁྲག་རྩ་མཐོ་བ་དང་འབྲས་སྐྲན་སོགས་ཀྱི་ནད་འབྱུང་བའི་རྒྱུ་རྐྱེན་ཞིག་ཡིན་པས། མི་ཚང་མས་ཐ་མག་འཐེན་ན་སྐྱོན་བརྒྱ་ལས་བཟང་ཆ་གཅིག་ཀྱང་མེད་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་ཐ་མག་མི་འཐེན་མཁན་ཞིག་ཡིན་ནའང་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཕལ་ཆེར་ཐ་མག་འཐེན་པ་དང་འདྲ་བའི་གོམས་གཤིས་ངན་པ་འགའ་ཤས་ཡོད་སྲིད། གོམས་གཤིས་འདི་དག་གིས་ལུས་ཁམས་ལ་གནོད་འཚེ་གཏོང་ཚུལ་ཐ་མག་གི་བ་ཙཱ་(尼古丁)ལས་ཀྱང་ཚབས་ཆེ་བ་ཞིག་རེད། དབྱིན་ཡིག་གི་ཆ་འཕྲིན་དྲ་ཚིགས་SHAPEཡིས་བདེ་ཐང་ལ་གནོད་པ་དང་ཚེ་ཐག་ཐུང་དུ་གཏོང་བའི་ངན་འདྲིས་ཁ་ཤས་ཕྱོགས་བསྡོམས་བྱས་ཡོད་པ་རེད།
         ༡  ཤ་ཟ་བར་དགའ་བ།
         ཤ་ཟ་བར་དགའ་མཁན་ཚོས་ཡིད་འཇོག་བྱ་དགོས་པ་ཞིག་སྟེ། ཨ་རིའི་ཆེད་དུ་ཕྲ་ཕུང་ནང་གི་བརྗེ་ཚབ་ལ་ཞིབ་འཇུག་བྱེད་པའི་དུས་དེབ་ག་གེ་མོ་ཞིག་གི་ཐོག་རྒྱུན་དུ་སྲོག་ཆགས་ཀྱི་སྤྲི་དཀར་ཟ་བའི་མི་ཚོའི་ཚེ་ཐག་ནི་བལྟོས་བཅོས་ཀྱི་ཐུང་བ་ཡིན་པ་དང་། འབྲས་སྐྲན་གྱི་ནད་ཕོག་སྟེ་ཚེ་སྲོག་ཤོར་ཚད་ཀྱང་གཞན་ལས་ལྡབ་4ཡི་མཐོ་བ་རེད། འདི་ནི་ཐ་མག་འཐེན་མཁན་འབྲས་སྐྲན་གྱི་ནད་ཕོག་སྟེ་ཤི་བའི་ཚད་དང་ཧ་ལམ་འདྲ་མཚུངས་ཡིན་པས། སྲོག་ཆགས་ཀྱི་སྤྲི་དཀར་ཁོ་ན་བསྡུ་ལེན་བྱ་མི་རུང་བར་སྐྱེ་དངོས་ཀྱི་སྤྲི་དཀར་ཡང་བསྡུ་ལེན་འོས་འཚམས་བྱ་དགོས་པ་རེད།
         ༢  བརྙན་འཕྲིན་ལ་ཡུན་རིང་ལྟ་བ།
         གཅིག་བྱས་ན་མི་མང་པོ་ཞིག་གིས"བརྙན་འཕྲིན་ལྟ་བ་དེ་ཐ་མག་འཐེན་པ་དང་འདྲ་བར་ལུས་ཁམས་ལ་གནོད་པ་ཆེ"ཞེས་པར་ཡིད་ཆེས་ཀྱི་མེད་པ་རེད། དེ་ཡང་བརྙན་འཕྲིན་དེ་ཉིད་ལ་གནོད་པ་མེད་པ་སྨོས་ཅི་དགོས། གནད་འགག་ནི་བརྙན་འཕྲིན་ལ་ཡུན་རིང་བལྟས་ན་གནོད་པ་ཡོད་པས་རེད།
         ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཁུན་ཧྲི་ལན་སློབ་ཆེན་གྱི་བརྟག་དཔྱད་ཞིབ་འཇུག་ག་གེ་མོ་ཞིག་བྱས་པ་ལས་མངོན་པ་ལྟར་ན། ཐ་མག་རྐང་གཅིག་འཐེན་པ་ལས་ཚེ་སྲོག་ཧ་ལམ་སྐར་མ་12ཐུང་དུ་འགྲོ་སྲིད་པ་རེད། ཐ་མག་མི་འཐེན་མཁན་ཞིག་ཡིན་ནའང་། ལོ་25བརྒལ་རྗེས། བརྙན་འཕྲིན་ཆུ་ཚོད་རེ་བལྟས་པ་ཙམ་གྱིས་ཚེ་སྲོག་སྐར་མ་21.8རེ་ཐུང་དུ་འགྲོ་སྲིད་པ་རེད། འདི་ནི་དུས་ཚོད་རིང་པོར་འདུག་སྟངས་ཤིག་རྒྱུན་འཁྱོངས་བྱས་པ་དེས་འབྲས་སྐྲན་གྱི་ནད་དང་སྙིང་ནད་འབྱུང་སླ་བའི་རྐྱེན་ཡིན་པ་རེད།
         ༣  རྒྱུན་དུ་ཐཱན་སྐྱུར་བཏུང་བ་འཐུང་བ།
         ཨ་རིའི་བདེ་ཐང་བརྟག་དཔྱད་ག་གེ་མོ་ཞིག་ལ་གཞིགས་ནས་ཤེས་གསལ་ལྟར་ན། ཉིན་གཅིག་ལ་ཐཱན་སྐྱུར་བཏུང་བ་ཕོར་བ་གང་(237ml)བཏུང་ན་རིམས་ཐར་ཕྲ་ཕུང་(免疫细胞)ཧ་ལམ་ལོ་2རྒས་འགྱུར་དུ་འགྲོ་སྲིད་པ་རེད། གལ་སྲིད་ཉིན་རེར་ཕོར་བ་དོ་དང་ཕྱེད་ཀ་(592ml)རེ་བཏུང་ན། སྣེ་རྡོག་(端粒\ཚོས་གཟུགས་མཐའ་སྣེའི་བསྐྱར་ཟློས་རིམ་སྟར)ཧ་ལམ་ལོ་5རྒས་འགྱུར་དུ་འགྲོ་སྲིད་པས། འདི་ནི་ཐ་མག་འཐེན་པ་དང་གཅིག་མཚུངས་པའི་ངན་འབྲས་འབྱུང་སྲིད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།