འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་ལྕགས་ལམ་དར་རྩེ་མདོ་ནས་ཉིང་ཁྲི་བར་གྱི་འཛུགས་སྐྲུན་སང་ལོ་ནས་
    འགོ་འཛུགས་རྒྱུ་ཡིན་པ། 

     སྔོན་དཔག་བྱེད་ན་འཛུགས་སྐྲུན་དུས་ཡུན་ལོ་བདུན་དང་ཕྱེད་འགོར་བ་སྟེ། 2025ལོར་ལམ་ཐིག་ཧྲིལ་བོ་ལེགས་འགྲུབ་ཡོང་རྒྱུ་རེད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།ཟླ་11ཚེས་5ཉིན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གནས་འཕྲིན་གསར་པ་བྱུང་བ། དར་མདོ་ནས་ཉིང་ཁྲི་བར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་2018ལོའི་ཕྱག་ལས་དབུ་འཛུགས་ཀྱི་འཆར་གཞི་རུ་བཀོད་ཟིན་པ་རེད། འཛུགས་སྐྲུན་དུས་ཡུན་ལོ་བདུན་དང་ཕྱེད་ཡིན་ལ། སྔོན་དཔག་བྱེད་ན་2025ལོར་ལམ་ཐིག་ཧྲིལ་བོ་ལེགས་འགྲུབ་ཡོང་རྒྱུ་རེད། 
         ཁྲོན་བོད་ལྕགས་ལམ་ནི་མཚོ་བོད་ལྕགས་ལམ་རྗེས་ཀྱི་"ལྷ་ལམ་"གཅིག་ཡིན་པ་རེད། ལམ་ཐིག་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ནས་འགོ་བརྩམས་ཏེ། གཡག་རྔ་དང་དར་རྩེ་མདོ། སྐམ་ཐོག་ནས་རྒྱ་མོ་རྔུལ་ཆུ་བརྒལ་རྗེས་བོད་རང་སྐྱོད་ལྗོངས་སུ་བསྐྱོད་པའི་ལམ་སྟེ། ཆབ་མདོ་དང་ཉིང་ཁྲི། ལྷོ་ཁ། མཇུག་གནས་ལྷ་ས་གྲོང་ཁྱེར་དུ་ཡིན་པ་རེད། ལམ་ཧྲིལ་བོའི་འཁོར་སྐྱོད་གཉེར་སྐྱོང་གི་རིང་ཚད་ལ་སྟོང་སྨི་1838ཡོད་པ་དང་། གསར་སྐྲུན་ལམ་ཐིག་གི་རིང་ཚད་ལ་སྟོང་སྨི་1738དང་། ཟམ་པ་དང་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྟོང་སྨི་1413ཡོད་པ། དེའི་ལམ་ཧྲིལ་བོའི་81%ཟིན་པ་རེད།   ལས་གྲྭའི་མ་དངུལ་སྒོར་དུང་ཕྱིར་2166སྔོན་རྩིས་བྱེད་ཡོད་པ་རེད། འགྲོས་ཚད་ནི་ཆུ་ཚོད་རེ་ལ་སྟོང་སྨི་200(ལམ་བར་གྱི་དོ་དམ་ས་ཚིགས་སུ་ཆུ་ཚོད་རེ་ལ་སྟོང་སྨི་160)བསྐྱོད་རྒྱུའི་ཇུས་འགོད་བྱས་ཡོད་པ་དང་། ཁྲོན་བོད་ལྕགས་ལམ་ནི་ཤར་ནས་ནུབ་ཏུ་ཁྲེང་ཏུའུ་ནས་གཡག་རྔ། གཡག་རྔ་ནས་དར་མདོ། དར་མདོ་ནས་ཉིང་ཁྲི། ཉིང་ཁྲི་ནས་ལྷ་ས་བར་མཚམས་བཞི་སྟེ་རིམ་པ་དབྱེ་བའི་འཛུགས་སྐྲུན་ལག་བསྟར་བྱ་རྒྱུ་རེད། དེའི་ཁྲོད་དར་མདོ་ནས་ཉིང་ཁྲི་བར་ནི་(ཆབ་མདོ་ཁུལ་)ལམ་ཧྲིལ་བོའི་འཛུགས་སྐྲུན་ལས་ཆེས་མཐའ་མ་དེ་ཡིན་ལ། སྔོན་དཔག་བྱེད་ན་ལས་ཡུན་དུས་ཚོད་ཆེས་རིང་བ་དེའང་ཡིན་པ་དང་། ལས་ཚེགས་ཀྱང་ཆེས་ཆེ་བ་དེ་ཡིན་པ་རེད། 
         ཁྲོན་བོད་ལྕགས་ལམ་ལ་"འཛུགས་སྐྲུན་ཆེས་དཀའ་བའི་ལྕགས་ལམ་"ཞེས་འབོད་ཀྱི་ཡོད་པ་དང་མཉམ་དུ་བོད་དུ་བསྐྱོད་པའི་ལམ་བུ་ཆེ་ཤོས་དེའང་ཡིན་པ་རེད། "ལྷ་ལམ་"མཚོ་བོད་ལྕགས་ལམ་དང་བསྡུར་ན་ཁྲོན་བོད་ལྕགས་ལམ་ནི་སྤྱི་ལེ་100ལྷག་གིས་ཐུང་བ་ཡོད། ཡིན་ནའང་འཛུགས་སྐྲུན་དུས་ཡུན་ཆེས་རིང་བ་དང་། མ་དངུལ་འཇོག་ཚད་ནི་མཚོ་བོད་ལྕགས་ལམ་ལས་ལྡབ་གྱུར་ཡོད་པ་རེད། ཁྲོན་བོད་ལྕགས་ལམ་ཁྲེང་ཏུང་ནས་གཡག་རྔ་བར་གྱི་འཛུགས་སྐྲུན་ནི་2014ལོའི་ལོ་མཐའ་ནས་འགོ་ཚུགས་ཡོད་པ་རེད། ལྷ་ས་ནས་ཉིང་ཁྲི་བར་གྱི་འཛུགས་སྐྲུན་ནི་2015ལོའི་ཟླ་6བར་འགོ་ཚུགས་པ་དང་། གཡག་རྔ་ནས་དར་མདོའི་བར་གྱི་འཛུགས་སྐྲུན་ནི་2016ལོའི་ཟླ་1པོར་ཞིབ་འཇུག་ལག་བསྟར་བྱས་འཐུས་ཀྱི་སྙན་ཞུ་བཟོ་སྒྲིག་ཐུབ་རྒྱུ་རེད། དར་མདོ་ནས་ཉིང་ཁྲི་བར་དུ་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་བྱས་པའི་འབྲས་བུ་2016ལོ་ཟླ་10ལེགས་གྲུབ་བྱུང་བ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།