འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་ཤིན་དབང་གིས་ང་ཚེ་གང་དབུལ་སྐྱོར་དཀའ་སེལ་ལས་ལ་གཞོལ་རྒྱུ་ཡིན་ཞེས་བཤད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་07ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མ་དངུལ་བཏང་ནས་ལམ་བཟོས་པ་དང་། ཟམ་པ་བརྒྱབ་པ། ཆུ་ཡུར་ཉམས་བཟོ། རྨོ་བསྐྱུར་ནགས་བཟོ་བཅས་བྱས་པ་མ་ཟད། གྲོས་འགོ་བཏོན་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ“འཐེན་ཐུག་དཔལ་འབྱོར”གཉེར་བ་དང་། རོགས་སྐྱོར་གྱི་ཐེབས་རྩ་བཙུགས་པ་སོགས་ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་ཕ་ཡུལ་གྱི་འཚོ་བ་དང་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་གཞོལ་རྒྱུ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཡོད།
         ད་དུང་གྲོང་ཚོ་གཉིས་རང་ཉིད་ཀྱི་ཁེ་ལས་ཀྱི་འབྲེལ་གཏུག་རོགས་སྐྱོར་བྱ་ཡུལ་དུ་འདུན་འདྲེན་ཞུས་ནས་ལོ་ལྟར་ཁེ་ལས་ཀྱི་ཁེ་སྤོགས་ནས་10%ཡན་བཏོན་ཏེ་སློབ་མ་དབུལ་པོར་རོགས་རམ་དང་། སློབ་གྲྭ་རྒྱག་པ་སོགས་བྱས་ཏེ་ཕ་ཡུལ་གཅིག་པ་དབུལ་པོའི་གནས་ལས་སྒྲོལ་རོགས་བྱེད་པ་ནི་ཁོང་གིས་རྟག་ཏུ་དོན་གཉེར་བྱེད་པའི་དམིགས་ཚད་ལ་རྩི་ཡི་ཡོད།
         ཁོང་ནི་མཚོ་སྔོན་དར་རྒྱས་འཛུགས་སྐྲུན་བཟོ་ལས་ཉོ་ཚོང་(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པ་ཧན་ཤིན་དབང་རེད།
          འདི་ལོ་ལོ་62ལ་སླེབས་པའི་ཧན་ཤིན་དབང་མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཅེ་ཙི་གྲོང་རྡལ་སན་ལི་ཧྥང་གྲོང་ཚོ་ནས་ཡིན། ལོ་18ལ་སླེབས་སྐབས་ཕྱིར་ཚོང་རྒྱག་པར་ཕྱིན། ལོ་40ལྷག་ཙམ་རིང་ཁོང་ཐོག་མའི་ཞིང་པའི་ཨར་ལས་རུ་ཁག་ཆུང་ཆུང་གཉེར་མཁན་ཞིག་ནས་རིམ་བཞིན་ཡན་ལག་ཀུང་སི་18ཡོད་པའི་མ་རྐང་ལམ་ལུགས་ཀྱི་དམངས་གཉེར་ཁེ་ལས་ཚོགས་པ་སྟོབས་ཆེན་ཞིག་ཏུ་གྱུར། ཁེ་ལས་རིམ་བཞིན་འཕེལ་རྒྱས་གཏོང་བའི་ཁྲོད་འཚོ་བར་དཀའ་ངལ་ཡོད་མཁན་ལ་རྒྱུད་སྐྱོབ་དཀའ་སེལ་གྱི་ལས་ལ་རྒྱུན་མི་ཆད་པར་གཞོལ་ཡོད།
         “ཁོང་གིས་མང་ཚོགས་ཀྱི་བྱ་བ་ག་དུས་ཡིན་རུང་རང་ཉིད་ཀྱི་དོན་དག་ལ་བརྩིས་ཏེ། ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རིམ་བཞིན་གྲོང་ཚོའི་མང་ཚོགས་ལ་བྱ་བ་མང་པོ་བསྒྲུབས་སྟབས། ལོ་འགའི་ནང་སན་ལི་ཧྥང་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་ཁོང་གིས་རོགས་པ་དང་སྣེ་ཁྲིད་བྱས་པ་དང་ཁ་འབྲལ་ཐབས་མེད”ཅེས་སན་ལི་ཧྥང་གྲོང་ལྷན་གྱི་ཀྲུའུ་རེན་ཧན་ས་ལི་ཀུས་་བཤད།
         ཧན་ས་ལི་ཀུས་སྔོན་མ་གྲོང་ཚོའི་གཞུང་ལམ་གྱི་ཞེང་ཚད་ལ་སྨི་2ལས་མེད། དེའི་ཁར་ཀོང་ཀོང་འབུར་འབུར་མང་བས་མང་ཚོགས་འགྲོ་འོང་བྱ་རྒྱུར་སྟབས་བདེ་པོ་མེད། ཧན་ཤིན་དབང་གིས་ཁེ་ལས་ནས་སྒོར་ཁྲི་3000ལྷག་ཙམ་བཏོན་ནས་ཞེང་ཚད་སྨི་6ཟིན་པའི་སྣུམ་ནག་ལམ་བཏིངས་ཏེ་ཚོང་དོན་ཡུལ་སྐོར་ཁྲོམ་གཞུང་ཞིག་བརྒྱབ་པ་རེད། ཉེ་བའི་ལོ་གཉིས་རིང་། ཁོང་གིས་སླར་ཡང་གྲོང་ཚོའི་ནང་དུ་ཁང་པ་མེད་པའི་ཐེམ་དུད་ལ་རིན་པ་མ་བླངས་པར་ཁང་པ་སྟར་པ་7དང་སྡོད་ཁང་240ལྷག་ཙམ་བརྒྱབ་པ་ཁོ་ན་ལས་ཡུལ་མི་མང་ཚོགས་ལ་ཕན་པ་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད།
         2006ལོ་ནས་ཁོང་གིས་ཡ་རྫི་རྫོང་གི་གྲོང་ཚོ་བཅུ་གསུམ་གྱི་ལོ་60ཡན་གྱི་རྒན་རྒོན་རེར་ཟླ་རེར་འཚོ་བཅུད་ཁ་གསབ་རོགས་དངུལ་སྒོར་400ནས་800བར་སྤྲད་དེ་ལོ་བཅུ་གྲངས་ནང་ཐེངས་གཅིག་ཀྱང་ཆད་མྱོང་མེད་པ་དང་ད་བར་ཞབས་འདེབས་བརྒྱབ་པ་ཁོ་ནས་སྒོར་ཁྲི་530ཟིན་གྱི་ཡོད། ད་དུང་སློབ་གྲྭར་འགྲོ་མི་ཐུབ་པའི་བྱིས་པ་སློབ་མ་དབུལ་པོར་རོགས་པ་བྱས་ནས་མཚོ་སྔོན་དར་རྒྱས་གཅེས་སེམས་ཚོགས་པ་བཙུགས་ཏེ། ལོ་བཅུའི་རིང་སློབ་མ་དབུལ་པོ་350སློབ་ཆེན་ལ་བསྐྱལ་བ་རེད། ལོ་ཤས་རིང་། ད་དུང་ཁོང་གིས“ཀུང་སིའི་ཁེ་སྤོགས་ཀྱི་10%ཡན་འཚོ་བར་དཀའ་ངལ་ཆེ་རིགས་ལ་གཏོང་རྒྱུ”ཀུང་སིའི་ལམ་ལུགས་སུ་གཏན་འཁེལ་བྱས་པ་རེད།
         གཞན་ཡང་། 2014ལོ་ནས་ཁོང་གིས་ཡ་རྫི་རྫོང་ནས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་ཕུལ་བྱུང་སློབ་མ་དང་ཕུལ་བྱུང་དགེ་རྒན་ལ་གཟིགས་གཟོས་ཆེན་པོ་སྤྲད་དེ་མང་ཤོས་ལ་སློབ་མ་རེར་སྒོར་ཁྲི་10སྤྲད་པ་རེད།
         “རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ལག་ལེན་བསྟར་བ་དང་ཆབས་ཅིག་དབུལ་སྐྱོར་བྱེད་ཤུགས་ཀྱང་རྒྱུན་མ་ཆད་པར་ཆེ་རུ་་སོང་ནས་སྤྱིར་ལྟོ་གོས་འཕྱིད་ཙམ་ཡོང་བ་དང་དབུལ་པོའི་ཞྭ་མོ་འབུད་རྒྱུ་དཀའ་ངལ་ཆེན་པོ་ཆགས་མེད་པ་དང་། སློབ་གསོར་རོགས་སྐྱོར་དང་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་བ་ནས་དབུལ་ཕོངས་སེལ་རྒྱུ་ནི་རྗེས་ཀྱི་ལས་ཀའི་གཙོ་གནད་ཅིག་ཏུ་གྱུར་ཡོད”ཅེས་ཧན་ཤིན་དབང་གིས་བཤད་ཅིང་། ཁོང་གིས་སླད་ཕྱིན་ཁེ་ལས་ཀྱིས་ད་དུང་སློབ་གསོར་རོགས་རམ་བྱ་རྒྱུར་མུ་མཐུད་ལྟ་རྟོག་བྱས་ནས་བོད་རིགས་ས་ཁུལ་དབུལ་པོར་ཕྱོགས་རྒྱུ་ཡིན་ཞེས་བཤད།
         བཀའ་དྲིན་སྙིང་བཅངས་ཀྱིས་ཕྱུག་པོར་གྱུར་ཀྱང་ཡུལ་མི་མ་བརྗེད་པ། ཧན་ཤིན་དབང་གིས་རྟག་ཏུ་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་བྱ་བ་ནི་རང་ཉིད་ཀྱི་ལས་ཀར་བརྩིས་ཏེ་དཀའ་ངལ་སེལ་རོགས་བྱས་ཤིང་། ཞལ་འདེབས་བརྒྱབ་པ་དཔྱད་གཞིར་འཁོད་པ་ལ་གཞིགས་ན། ཉེ་བའི་ལོ་བཅུ་ཙམ་རིང་། ཧན་ཤིན་དབང་གིས་གེགས་འགོག་གེགས་སེལ་དང་། རིག་གནས་སློབ་གསོ། དབུལ་སྐྱོར་དཀའ་སེལ་སོགས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་ཞལ་འདེབས་སྒོར་དུང་ཕྱུར་2.84བརྒྱབ་ཡོད་པ་རེད། 2014ལོར་ཁོང་ལ“རྒྱལ་ཡོངས་ཀྱི་སྤྱི་ཚོགས་དབུལ་སྐྱོར་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་སྤྲད་པ་དང་། ཉེ་ཆར་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་ཐོག་ཁོང་ལ་2016ལོའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱས་རྗེས་བྱ་དགའ་ཐོབ་པ་རེད།
         “དཀའ་ལས་བརྒྱབ་ནས་བསགས་པའི་ཁེ་ལས་ཀྱི་དངུལ་གྱིས་མི་མང་པོར་ཕན་པ་ཐོབ་པ་མཐོང་འཕྲལ་དགའ་བ་སྐྱེས་པ་དང་སེམས་པའང་ལྷོད་ལ་བབས་པའི་སྣང་བ་ཞིག་སྟེར་བ་ནི་བརྗོད་ཐབས་བྲལ”ཞེས་ཧན་ཤིན་དབང་གིས་འཛུམ་དམུལ་དམུལ་ནང་བཤད་ཅིང་། ཁོང་གིས་ང་རང་ཚེ་གང་དབུལ་སྐྱོར་དཀའ་སེལ་ལས་ལ་གཞོལ་རྒྱུ་ཡིན་ཞེས་བཤད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།