འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སུམ་རྩེན་ཨང་གཉིས་པ་ནས་ལྷན་འགྲོགས་སྲུང་སྐར་གྲུབ་འབྲས་ཐོབ་པའི་སྒོ་ནས་གློད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན་གྱི་ཆུ་ཚོད་བདུན་དང་སྐར་མ་སོ་གཅིག་ལ་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་འཕེན་གཏོང་བྱས་ནས་འཁོར་ལམ་ཐོག་འཁོར་སྐྱོད་བྱུང་བ་དང་ཆབས་ཅིག་ལྷན་འགྲོགས་སྲུང་སྐར་དེ་སུམ་རྩེན་ཨང་གཉིས་པ་ནས་གྲུབ་འབྲས་ཐོབ་པའི་སྒོ་ནས་གློད་ཤིང་། གློད་པའི་བརྒྱུད་རིམ་ནང་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་དང་ཁྲེང་ཏུང་གཉིས་ཀྱིས་ལག་འཁྱེར་བརྙན་ལེན་འཕྲུལ་ཆས་སྤྱད་དེ་ལྷན་འགྲོགས་སྲུང་སྐར་སུམ་རྩེན་ཨང་གཉིས་པའི་འོག་གི་སྨི་བརྒྱ་ཙམ་ནས་འཕུར་བ་པར་ལེན་བྱས་ཡོད་པ་རེད།
         སུམ་རྩེན་ཨང་གཉིས་པའི་ལྷན་འགྲོགས་སྲུང་སྐར་དེ་ཀྲུང་གོ་ཚན་རིག་ཁང་གིས་ཞིབ་འཇུག་བྱས་ནས་བཟོས་པ་ཞིག་ཡིན་པ་དང་། ཟླ་9ཚེས་15ཉིན་སུམ་རྩེན་ཨང་གཉིས་པའི་བར་སྣང་ཚོད་ལྟ་ཁང་འཕེན་གཏོང་བྱས་ནས་འཁོར་ལམ་ཐོག་འཁོར་སྐྱོད་བྱུང་རྗེས་ཉིན་40ཙམ་འཁོར་ཐོག་ཉར་ཚགས་བྱས་པའི་ལྷན་འགྲོགས་སྲུང་སྐར་གྲུབ་འབྲས་ཐོབ་པའི་སྒོ་ནས་གློད་པ་རེད། 
         ལྗིད་ཚད་ཆན་ཁེ་47ཙམ་དང་ཆེ་ཆུང་པར་རྒྱག་འཕྲུལ་ཆས་ཙམ་ཡོད་པའི་ལྷན་འགྲོགས་སྲུང་སྐར་དེར་འཁོར་ཐོག་ཚོད་འཛིན་དང་། སྟབས་བསྟུན་རྣམ་པའི་ཕྱོགས་སྟོན། རིག་ལྡན་ལས་འགན་གྱི་གོ་རིམ་ཐག་གཅོད། གནམ་སར་ཚད་ལེན་གྱི་ཆ་འཕྲིན་མྱུར་གཏོང་བཅས་ཀྱི་ནུས་པ་ཆེན་པོ་ལྡན་ཡོད། ལྷ་གྲུ་ཨང་བདུན་པའི་ལྷན་འགྲོགས་སྲུང་སྐར་ལས་བོངས་ཚད་ཆུང་བ་དང་ནུས་པ་ཆེ་བ་མ་ཟད། ད་དུང་འདུས་གྲུབ་ཆེ་བ་དང་སྤྱོད་ཡུལ་ཆེ་བའི་ཁྱད་ཆོས་ལྡན་པའི་ལྷན་འགྲོགས་སྲུང་སྐར་དེ་ནི་དེང་དུས་ཀྱི་སྔོན་ཐོན་སྲུང་སྐར་ཆུང་གྲས་ཤིག་རེད།
         ཟླ་དེའི་ཟླ་མཇུག་ཏུ་ལྷན་འགྲོགས་སྲུང་སྐར་དེ་འཁོར་ལམ་ནས་ཁ་ཕྱོགས་ཐེངས་མང་བསྒྱུར་བ་བརྒྱུད། སུམ་རྩེན་ཨང་གཉིས་པ་དང་ལྷ་གྲུ་རྟགས་ཅན་གྱི་འཕུར་གྲུའི་སྡེབ་སྒྲིག་གཟུགས་ཕུང་ཕྱོགས་སུ་སླར་ཡང་ཉེ་བཅར་བྱས་པ་དང་འབྲེལ། སྡེབ་སྒྲིག་གཟུགས་ཕུང་གི་སྒང་ནས་འཕུར་ཏེ་བརྙན་གྲུབ་ཀྱི་ལྟ་ཞིབ་ཚད་ལེན་ཡང་བྱས་པ་རེད། དེ་རྗེས་སུམ་རྩེན་ཨང་གཉིས་པ་དང་ཐག་ཉེ་པོར་རུ་སྒྲིག་བཅའ་སྡོད་ཚོད་ལྟ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་ལག་རྩལ་གསར་པ་ཉམས་ཞིབ་ཚོད་ལྟ་ཡང་བྱས་ནས་བར་སྣང་དུ་སྤྱོད་རྒྱ་སྔར་བས་ཆེ་རུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།