འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ཕུག་ལམ་དང་པོ་འབྲེལ་མཐུད་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨར་ལས་བ་སྟོང་ཕྲག་གིས་ཛ་དྲག་ངང་ཨར་ལས་བྱས་པ་བརྒྱུད། ཁྲོན་བོད་ལྕགས་ལམ་ཉིང་ཁྲི་ནས་ལྷ་ས་དུམ་བུའི་གྲ་ནང་ཕུག་ལམ་དང་པོ་ཚེས་21ཉིན་བདེ་བླག་ངང་འབྲེལ་མཐུད་ཐུབ་པ་ལས། ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་བྱུང་བ་མཚོན་ཡོད།
         བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་གནས་པའི་གྲ་ནང་ཕུག་ལམ་ནི་ཀྲུང་གོ་ལྕགས་ལམ་ཅུས་དགུ་པ་ཚོགས་པས་འགན་གཙང་བླངས་ནས་བསྐྲུན་པ་ཞིག་ཡིན་པ་དང་། ས་རིམ་གསར་པ་ཡིན་པ་དང་ས་གཤིས་གྲུབ་ཆ་རྙོག་འཛིང་ཆེན་པོ་ཡོད། ཕུག་ལམ་གྱི་སྤྱིའི་རིང་ཚད་སྨི་276དང་གཏིང་རིང་ཤོས་ལ་སྨི་33ཡོད་པ་དེ་འདི་ལོའི་ཟླ་4ཚེས་13ཉིན་ལས་འགོ་དངོས་སུ་ཚུགས་པ་རེད། འཛུགས་སྐྲུན་བྱེད་རིང་ཨར་ལས་བས་ས་རིམ་མཐུག་པ་དང་། རྡིབ་ཚད་མཐོ་བ། བྲག་རིམ་རླུང་འགྱུར་ཚབས་ཆེ་བ་སོགས་ཀྱི་གནད་དོན་ཁྱད་བསད་ཀྱིས་ལས་ཡུན་ཉིན་191འབད་བརྩོན་བྱས་པ་བརྒྱུད། ལམ་ཐིག་ཡོངས་ཀྱི་ཕུག་ལམ་སྔོན་ལ་འབྲེལ་མཐུད་ཐུབ་པའི་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།
         གསར་འགོད་པར་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཡིན་པའི་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི(ལྷ་ས་ནས་ཉིང་ཁྲི་བར)ལམ་ཐིག་ཡོངས་མིག་སྔར་འཛུགས་སྐྲུན་ཧུར་ཐག་བྱེད་པའི་དུས་སུ་སླེབས་ཡོད། ཟླ་དགུ་པའི་ཟླ་མཇུག་བར། ཁྱོན་མ་དངུལ་སྒོར་དུང་ཕྱུར་51.51བཏང་ཟིན་པ་དེས་ལོ་འཁོར་གྱི་མ་འཇོག་འཆར་གཞིའི་85.86%བཟུང་ཡོད།
         ད་ལོའི་ཟླ་3པར། ཁྲོན་བོད་ལྕགས་ལམ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ནང་བཅུག་པའི་ཁྲོད་ཀྱི་ལྷ་ཉིང་དུམ་བུ་2014ལོའི་ཟླ་12པར་སྐྲུན་འགོ་ཚུགས་པ་དང་། ཟངས་རི་ནས་རྒྱ་ཚ་བར་གྱི་བསམ་གྲུབ་གླིང་ཕུག་ལམ་དང་ཡར་ཀླུང་གཙང་པོའི་ཟམ་ཆེན་སོགས་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་2014ལོའི་ཟླ་12ཚེས་19ཉིན་དངོས་སུ་སྐྲུན་འགོ་ཚུགས་པ། ལམ་ཐིག་ཡོངས་2015ལོའི་ཟླ་6ཚེས་29ཉིན་དངོས་སུ་སྐྲུན་འགོ་ཚུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།