འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་མུ་མཐུད་འཕར་བ། 

    ཟླ་བ་ལྔ་བསྟུད་མར་འཕར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་25ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། འདི་ལོ་ཚུན་བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་མུ་མཐུད་འཕར་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་38.71ཟིན་ནས་དུས་མཚུངས་ལས་7.49%ཉུང་དུ་ཕྱིན་ཡང་། ཟླ་བ་ལྔ་མུ་མཐུད་འཕར་བའི་རྣམ་པ་ཐོན་ཡོད།
         བོད་འདི་ཉིད་འབར་མ་དང་། རྒྱ་གར། འབྲུག་པ། ནེ་པ་ལ་སོགས་རྒྱལ་ཁབ་དང་ས་འབྲེལ་ཡིན་ལ། མཐའ་མཚམས་ཀྱི་རིང་ཚད་སྤྱི་ལེ་4000ལྷག་ཙམ་ཡོད། ད་ཕན་ལོ་ཤས་རིང་རང་རྒྱལ་གྱིས་རེས་སྐོར་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱས་པར་བརྟེན། བོད་ཀྱི་འགྲིམ་འགྲུལ་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་འབྲེལ་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་ཡང་བསྟུད་མར་འཕར་ཡོད།
         བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ནེ་པ་ལ་དང་ཀྲུང་གོའི་སྐམ་སའི་ཚོང་དོན་90%ནི་བོད་ཀྱི་འགྲམ་འགག་སྒོ་བརྒྱུད་ནས་གཏོང་གི་ཡོད། 2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་བོད་དང་ནེ་པ་ལའི་སྐམ་སའི་གཞུང་ལམ་(ཀྲུང་ནེའི་རྒྱལ་སྤྱིའི་གཞུང་ལམ)འགག་པ་མ་ཟད། འགྲམ་འགག་སྒོ་དང་སྐྱིད་གྲོང་འགག་སྒོར་གནོད་འཚེ་ཚབས་ཆེན་ཕོག་ནས་ཀྲུང་གོ་དང་ནེ་པ་ལའི་སྐམ་སའི་ཚོང་དོན་དང་ཡུལ་སྐོར་སྐབས་ཤིག་རིང་ཆད་པ་རེད།
         ལྷ་ས་འགག་སྒོའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ནེ་པ་ལའི“4·25”ཡི་ས་ཡོམ་གྱི་ཤུགས་རྐྱེན་ཕོག་རྗེས། 2015ལོའི་བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་རིམ་རྩིས་བྱས་ན་མི་དམངས་ཤོག་སྒོར་དུང་ཕྱུར་56.55བྱུང་ཡང་། དུས་མཚུངས་ལས་59.2%ཆག་ཡོད།
         ཚོང་དོན་ལམ་བུ་མགྱོགས་མྱུར་སླར་གསོ་བྱ་ཆེད། ནེ་པ་ལའི་ས་ཡོམ་རྐྱེན་གྱིས་ལོ་ཕྱེད་ཙམ་སྒོ་བརྒྱབ་པའི་སྐྱིད་གྲོང་འགག་སྒོ་2015ལོའི་ཟླ་10ཚེས་13ཉིན་སླར་ཡང་སྒོ་ཕྱེ་བ་སོགས་བྱས་ཏེ་ནེ་པ་ལར་ཕྱིར་འདྲེན་བྱ་རྒྱུའི་ཚོང་དོན་འཕར་བ་བྱས་ཡོད། ལྷག་པར་དུ་འདི་ལོ་ཚུན། སྐྱིད་གྲོང་འགག་སྒོས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུའི་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་དང་། འགག་སྒོའི་ཁྱད་ཆོས་ལ་བལྟས་ནས། རང་འགུལ་ངང་ལས་དོན་སྤེལ་ཏེ་འགག་སྒོའི་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
         ལྷ་ས་འགག་སྒོའི་འབྲེལ་ཡོད་འགན་འཁུར་བས་སྐྱིད་གྲོང་འགག་སྒོ་ནི་བོད་རང་སྐྱོང་ལྗོངས་ཀྱི་མིག་སྔའི་མཐའ་མཚམས་ཚོང་དོན་བསྡོམས་འབོར་ཆེ་ཙམ་གྱི་འགག་སྒོ་ཞིག་ཡིན། མཐའ་མཚམས་ཀྱི་འབོར་ཉུང་ཚོང་དོན་དང་། སྤྱིར་བཏང་ཚོང་དོན། ཕྱི་ཕྱོགས་ལ་འགན་གཙང་སྤྲད་པའི་ལས་གྲྭ་ཕྱིར་གཏོང་། རོགས་སྐྱོར་ཞལ་འདེབས་ཚོང་དོན་སོགས་རིགས་ཁག་གི་ཚོང་དོན་མང་བ་དང་ཕྱོགས་ཡོངས་ནས་འཕར་བའི་དགའ་བ་སྐྱེ་འོས་པའི་རྣམ་པ་དེས་བོད་ཀྱི་མཐའ་མཚམས་ཚོང་དོན་ཕྱོགས་ཡོངས་ནས་དང་། འཁོར་རྒྱུག་བཟང་བ། དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུ་བཅས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། 2015ལོར་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ཚོང་ཟོག་བསྡོམས་འབོར་སྒོར་དུང་ཕྱུར་5.92ཟིན་ནས་2014ལོ་ལས་ལྡབ་7.35འཕར་ཡོད་ཅེས་བཤད།
         གསར་འགོད་པས་ཤེས་རྟོགས་བྱས་པར། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གཞིར་བཟུང་། སྐྱིད་གྲོང་འགག་སྒོ་དེ་བོད་ཀྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་གྱི་གཞི་རྟེན་དང་བོད་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་མདུན་གྲལ་གནས་སུ་འགྱུར་བ་བྱས་ཏེ་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད། མིག་སྔར་སྐྱིད་གྲོང་འགག་སྒོའི་འཕེལ་རྒྱས་ཀྱི་མདུན་ལམ་བཟང་བ་དང་ཁུལ་གནས་ཀྱི་ལེགས་ཆ་སྔར་བས་མངོན་གསལ་དོད་པས་གོམ་སྟབས་རྗེས་མར་རང་རྒྱལ་དང་ནེ་པ་ལའི་ཚོང་དོན་གྱི་ལམ་བུ་གཙོ་བོའི་གྲས་སུ་འགྱུར་རེ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།