འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་བབ་གསར་པའི་འོག་གི་མི་རིགས་ལས་དོན་གྱི་རོལ་དབྱངས་གསར་པ་ཕྱོགས་བཞིར་གྲགས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          —— ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་གྱི་ འཕེལ་རྒྱས་དང་གསར་གཏོད་ལ་སྐུལ་འདེད་བཏང་བའི་སྐོར། (སྨད་ཆ)
          ཤིན་ཅང་དབྱི་ལི་ཧ་སག་རང་སྐྱོང་ཀྲོའུ་ཧོར་ཀོ་སི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཁུལ་དེའི་ལེགས་ཆར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་དང་། ཡུན་ནན་ཀུའེ་ཧྲན་ཏུའུ་ལུང་རིགས་ནུའུ་རིགས་རང་སྐྱོང་རྫོང་ཏུའུ་ལུང་ཅང་ཤང་གིས་གཞུང་ལམ་ཉམས་བཟོ་དང་། རྩྭ་དང་ཤིང་འབྲས་འདེབས་པ། དྲ་བ་ཤར་གཏོང་སོགས་ཀྱི་བྱེད་ཐབས་ཐོག་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ། ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཡིས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་གསར་སྤེལ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྟོབས་ཤུགས་མངོན་པ་བྱས་ཡོད། ད་ཕན་ལོ་ཤས་རིང་མི་རིགས་ས་ཁུལ་གྱིས་རྗེས་འཕེལ་གྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ཁྱད་ལྡན་རིག་གནས་ཀྱི་ལེགས་ཆ། སྣོད་བཅུད་ཀྱི་ལེགས་ཆ་བཅས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་ལམ་ཐོག་བསྐྱོད་ཡོད། ལྷག་པར་དུ“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་བསྟར་བྱས་པར་བརྟེན་དཔལ་འབྱོར་འཕེལ་རྒྱས་ཀྱི་དཀའ་གནད་ཁྲོད་གནས་པའི་མི་རིགས་ས་ཁུལ་སྒོ་དབྱེ་འཕེལ་རྒྱས་ཀྱི་གཡུལ་ས་མདུན་མའི་ལྟེ་བའི་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་པ་བྱུང་ཡོད།
          ད་ཕན་ལོ་ཤས་རིང་དང་ལྷག་དོན་དུ་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་འཚོགས་ཚུན། ཀྲུང་དབྱང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་། དར་རྒྱས་ས་ཁུལ་གྱི་སྒེར་སེམས་མེད་པའི་རོགས་སྐྱོར། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བཅས་ཀྱི་འོག མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུར་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དང་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་ཡོད།
           —— དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པ། 2015ལོར་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་6.9%ཡི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་བྱུང་ཡོད། དཔལ་འབྱོར་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མི་རིགས་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ཀྱི་ཆུ་ཚད་ལས་མཐོ་བ་ཡོད་པ་དང་འབྲེལ་ཐོན་ལས་ཀྱི་གྲུབ་ཆ་སྔར་བས་བཟང་སྒྲིག་བྱུང་ཡོད། ནང་སོག་གི་ཐོན་ལས་ཆགས་སྟངས་མགྱོགས་མྱུར་ལེགས་སྒྲིག་བྱུང་ནས་མཐོ་གསར་ལག་རྩལ་དང་། སྒྲིག་ཆས་བཟོ་སྐྲུན། མདོག་ལྡན་དང་ཞིང་འབྲོག་ཐོན་ཟོག་ལས་སྣོན་ལས་རིགས་བཅས་ཀྱིས་བཟོ་ལས་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་47.3%ཟིན་པ་དེ་དུས་མཚུངས་ལས་12.6%མཐོ་རུ་ཕྱིན་ཡོད། བོད་རིགས་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་སྒོར་དུང་ཕྱུར་1000གི་འགག་སྒོ་ལས་བརྒལ་བ་དང་། ཡུལ་སྐོར་གྱིས་སྣེ་ལེན་ཞུས་པའི་མི་གྲངས་དེ་མི་ཐེངས་ཁྲི་2000ལས་བརྒལ་ཡོད། ཤིན་ཅང་དུ་ཡུལ་སྐོར་ལས་རིགས་སོགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་བཟང་བའི་དུས་བབ་ཀྱི་སྣེ་ཁྲིད་འོག་ཐོན་ལས་གསུམ་པ་འཕར་ཚད་དུས་མཚུངས་ལས་11.9%འཕར་བ་དང་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་55.3%ཟིན་ཏེ་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་མཁན་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།
          —— རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་ཐེབས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་ནི་ལམ་དང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། ལོ་གཅིག་ལྷག་ཙམ་རིང་། མི་རིགས་ས་ཁུལ་གྱིས་ཕྱི་ནང་དང་འབྲེལ་བ་བྱེད་པའི་ལམ་བུ་བཏོད་ཅིང་། ཅི་ལིན་དང་། ཐུའུ་མོན། ཧུའེ་ཁྲུན་བཅས་དབར་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། ལུའུ་ཁུན་མྱུར་བགྲོད་ལྕགས་ལམ་གྱི་ཧུའུ་ནན་དུམ་བུ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ། ཧོའེ་ཧྭ་ཀྲེ་ཅང་གནམ་ཐང་རྒྱས་སྐྲུན་ལས་གྲྭ་དང་ཡུས་ཧོའེ་ལྕགས་ལམ་བསྟུད་མར་བསྐྲུན་པ། ཡུས་ཧོའེ་ལམ་ཐིག་གཉིས་པ་སྐྲུན་འགོ་ཚུགས་པ། ཧུའུ་ནན་མི་རིགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་པ། གོར་མོ་ནས་ཁོར་ལེའི་དབར་གྱི་ལྕགས་ལམ་བསྐྲུན་ཡོད། གཞུང་ལམ་གཙོ་བོ་དང་གཞུང་ལམ་ཕལ་པ་ཤར་གཏོང་ཐུབ་ཡོད། ཡུན་ནན་ཞིང་ཆེན་གྱི་མི་རིགས་རང་སྐྱོང་ས་གནས་དེ་རྫོང(ཆུས)78དང་འབྲེལ་བ་ཡོད་པ་དང་། 2015ལོའི་ལོ་མཇུག་ཏུ་སླེབས་སྐབས་དེའི་ནང་ནས་རྫོང་73ལ་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་དང་། གྲོང་གསེབ་ཀྱི་ཤང་གྲོང་ཁག་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད། ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་ཐེབས་ཤིང་། ཀུའེ་ཀྲོའུ་ཡིས་མི་རིགས་ས་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བའི་ཐོག་མ་དངུལ་བཏང་ནས་ཆུ་མཛོད་འབྲིང་གྲས་25བསྐྲུན་རོགས་བྱས་པའི་ནང་ནས་18མི་རིགས་ས་ཁུལ་དུ་ཡོད། ཞིང་ཆེན་དེ་ཡོངས་སུ་སྐྲུན་བཞིན་ཡོད་པ་དང་བསྐྲུན་རྩིས་ཡོད་པའི་རྣམ་གྲངས་ཆེ་གྲས་13ནང་ནས་11མི་རིགས་ས་ཁུལ་དུ་ཡོད།
          —— དབུལ་སྒྲོལ་འགག་སྒྲོལ་ལ་ཚད་བརྒལ་གསར་པ་བྱུང་བ། མི་རིགས་ས་ཁུལ་གྱིས་གཅིག་སྡུད་ནུས་ཤུགས་བཏོན་པས་དབུལ་སྐྱོར་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་མི་རིགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མི་འབོར་དབུལ་པོ་ཁྲི་5040ནས་ཁྲི་1813བར་ཆག་ནས་དབུལ་པོའི་མི་གྲངས་ཁྲི་3227ཉུང་དུ་སོང་སྟེ་དབུལ་པོར་འགྱུར་ཚད་34.1%ནས་12.1%བར་ཆག་པ་དང་ཆག་ཚད་བརྒྱ་ཆའི་གྲངས་22ཟིན་ཡོད། དབུལ་སྐྱོར་བྱེད་ཐབས་དངོས་སྒྲུབ་ནུས་ལྡན་བྱུང་ཞིང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་དབུལ་པོ་ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་ཁྱབ་ཁོངས་སུ་བཅུག་ནས་གྲོང་ཚོ་དབུལ་པོ་ཚང་མར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་མངགས་པ་དང་། “ཡུལ་དེའི་ཐོན་ཁུངས་ཀྱིས་ཡུལ་དེ་གའི་མི་གསོ་མི་ཐུབ་པའི”ས་ཁུལ་དབུལ་པོའི་མང་ཚོགས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པ་རེད། ཡུལ་བབ་དང་བསྟུན་ནས་ལམ་ལུགས་བཟོ་བ་དང་མི་ལ་བརྟེན་ནས་ཐབས་ཇུས་ལག་བསྟར་བྱས་ཏེ་འོད་ཤུགས་དབུལ་སྐྱོར་དང་། ཡུལ་སྐོར་དབུལ་སྐྱོར། དྲ་ཐོག་ཚོང་དོན་དབུལ་སྐྱོར་བཅས་ལ་སྐུལ་སྤེལ་བཏང་བ་དང་། ངལ་ནུས་ཕྱིར་གཏོང་བྱས་ཏེ་ཐོན་ལས་དང་ལས་ཞུགས་ལ་བརྟེན་ནས་འབབ་འཕར་དབུལ་སྒྲོལ་ལ་སྣེ་ཁྲིད་བྱས་པ་རེད།
           བདེ་སྐྱིད་འཚོ་བ་དེ་བས་སྐྱིད། དགའ་སྤྲོའི་གླུ་དབྱངས་དེ་བས་སྙན། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པར་བརྟེན་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་མི་རིགས་ས་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སེམས་གཏིང་གི་སྐད་ཆར་གྱུར་ཡོད།
          ཁས་ལེན་བརྩི་སྲུང་ཞུས་པ། ཏང་ཀྲུང་དབྱང་དང་གྲངས་ཉུང་མི་རིགས་དབར་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱུང་བ།
           ཏང་ཀྲུང་དབྱང་གིས་ཐུགས་སུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མང་ཚོགས་བཅངས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་སུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མང་ཚོགས་བཅངས་ཡོད། 2016ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཧེ་ལུང་ཅང་གི་འཐུས་མི་ཚོགས་པའི་ཧོ་ཀྲེ་རིགས་ཀྱི་འཐུས་མི་ལིའུ་ལེ་ཡིས་གཏམ་བཤད་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་རང་ཉིད་ཀྱི་ཕ་ཡུལ་དུ་བལྟ་བར་ཕེབས་རོགས་ཞེས་ཞུ་སྐབས། སྤྱི་ཁྱབ་ཧྲུའུ་ཅིས“ངེས་པར་དུ་བལྟ་བར་ཡོང་གི་ཡིན”ཞེས་གསུངས་པ་རེད།
           ཟླ་5ཚེས་24ཉིན་ནི་ལིའུ་ལེ་ཡིས་ཚེ་གང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་ཡིན། ཚོགས་འདུ་གཉིས་གྲོལ་ནས། ཟླ་གསུམ་ཡང་མ་འགོར་བར་སྤྱི་ཁྱབ་ཧྲུའུ་ཅིས་ཞལ་བཞེས་ལྟར་ཧེ་ལུང་ཅང་དུ་ཕེབས་པ་དང་དུང་ཅང་གྲོང་ཁྱེར་པ་ཁྲ་དང་ཧོ་ཀྲེ་རིགས་ཀྱི་མི་སེར་གྱི་ཁྱིམ་དུ་ཕེབས་ཡོད། དམངས་སྲོལ་འགྲེམས་སྟོན་ལ་གཟིགས་སྐོར་དང་། དབྱི་མ་ཁན་གཞས་མ་གཏམ་གྱི་སྒྱུ་རྩལ་ལ་གཟིགས་པ། “སྔོན་ཐོན་པ་རྒན་གྲས”ལ་གཟིགས་པ་བཅས་གནང་ཡོད། “མི་རིགས་ཁག་སེ་འབྲུའི་འབྲུ་གུ་ལྟར་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐབས་ལམ་ཐོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བ་བྱེད་དགོས”“གཉེན་ཉེ་ཚོའི་འཚོ་བའི་ཆུ་ཚད་ཤར་ཕྱོགས་ཀྱི་ཉི་མ་དམར་པོ་ལྟར་ཇེ་མཐོར་འགྲོ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེ་དག་གིས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།
          མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལམ་བུ་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་མཐུན་སྒྲིལ་འབད་འཐབ་དང་ཁ་འབྲལ་ཐབས་མེད།
           2016ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་དུ་ཆེད་མངགས་ཕེབས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་གྲོང་མིའི་སྡོད་ཁང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་ཁག་ནི་ཁྱིམ་ཚང་གཅིག་ལྟར་ཡིན་པས། ཕན་ཚུན་བྱམས་སྐྱོང་གིས་མཉམ་དུ་མཐུན་སྒྲིལ་ཡར་རྒྱས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
           མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་ནི་སྙིང་གཏམ་གླེང་རེས་བྱ་རྒྱུ་དེ་ཡིན་ལ་གཞན་དཔེ་རང་སྦྱོར་དང་སེམས་པ་མཐུན་རྒྱུ་དེ་རེད།
           2015ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་ཞིང་། ཁོང་གིས་པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་། མེས་རྒྱལ་སེམས་ནང་འཇོག་པ། མི་དམངས་དང་གཅིག་སེམས་གཅིག་འབྲེལ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུའི་ཐུགས་རེ་གནང་བ་རེད།
           ལོ་གཅིག་གི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལ་ཤིན་ཅང་ཡུ་གུར་རིགས་ཨའེ་ཉི་ཝར་གཅེན་གཅུང་གིས་བསྐུར་བའི“སེམས་མཐུན། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་འཁོད་པའི་འཚེམ་དྲུབ་དང་ཡི་གེ་འབྱོར་ཡོད། ཞིས་ཅིན་ཕིང་གིས་ཆེད་མངགས་གཅེན་གཅུང་གཉིས་དང་ཐུག་འཕྲད་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག་རང་སྐྱོང་ལྗོངས་5ཡི་མི་རིགས་ཁག་གི་ཕུལ་བྱུང་འཐུས་མིར་མཇལ་འཕྲད་གནང་བ་རེད།
           2015ལོའི་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཆེད་མངགས་ནང་སོག་དང་། ཀོང་ཤིས། བོད་ལྗོངས། ཉིང་ཞ། ཤིན་ཅང་བཅས་རང་སྐྱོང་ལྗོངས་5ཡི་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་13པེ་ཅིང་དུ་རྒྱལ་སྟོན་བྱེད་སྒོར་གདན་དྲངས་པ་རེད། ཁོང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་དང་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྒྲུབ་རྒྱུ་དེ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དམིགས་ཡུལ་ཡང་རེད། མི་རིགས་ཁག་གི་སྤུན་ཟླ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
             མཇལ་འཛོམས་གནང་སྐབས་ཀྱི་གནས་ཚུལ་དྲན་གསོ་བྱེད་སྐབས། བོད་རིགས་ཀྱི་འཐུས་མི་པད་མ་དབྱངས་ཅན་གྱིས་སེམས་འགུལ་ཆེན་པོས“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་མཇལ་འཕྲད་གནང་སྐབས། ཧ་ཅང་བྱམས་བརྩེ་ལྡན་པ་དང་ཁོང་གིས་མི་རིགས་མཐུན་སྒྲིལ་གྱི་འཕེལ་རྒྱས་ཡར་ཐོན་ལ་ཧ་ཅང་ཐུགས་ཁུར་གནང་གི་འདུག ཕྱི་རྒྱལ་དུ་འཚམས་འདྲི་གནང་ནས་རྒྱལ་ནང་དུ་ཕྱིར་ལོག་གནང་མ་ཐག་ཡིན་ཡང་། ང་ཚོར་མཇལ་འཕྲད་གནང་བྱུང”ཞེས་བཤད།
             2015ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་ཆེ་མོའི་རྟེན་འབྲེལ་ཞུ་བྱང་དུ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”དང“མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་བྱེད། མེས་རྒྱལ་གྱི་ཕུགས་འདུན་མཉམ་དུ་འགྲུབ་པར་བྱེད”ཅེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་ཡོད། ལོ་དེར་གངས་ལྗོངས་ས་མཐོ་དང་ཐེན་ཧྲན་རི་བོའི་ལྷོ་བྱང་དུ་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྨོན་འདུན་བཟང་པོ། བོད་ལྗོངས་དང་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་དབུས་སུ་མཚོན་པར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།