འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རིགས་གཅིག་མཁས་ཅན་ཕོ་ལན་དུ་འཛོམས་ནས་མངོན་མིན་
    རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་རིགས་གཅིག་མཁས་ཅན་གྱི་གླེང་སྟེགས་སྐབས་དང་པོ་དེ་ཕོ་ལན་གྱི་ལྷོ་ནུབ་གྲོང་ཁྱེར་ཁེ་ལཱ་ཁོའོ་ཕུར་ཚོགས་འགོ་ཚུགས་པ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ནས་ཡོང་བའི་རིགས་གཅིག་མཁས་ཅན་ཚོས་ཉིན་གསུམ་ནང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཐབས་དང་ཉམས་མྱོང་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།
         ད་རེས་ཀྱི་གླེང་སྟེགས་དེ་ཀྲུང་གོའི་རིག་གནས་པུའུ་དང་ཕོ་ལན་རིག་གནས་དང་མི་རིགས་ཤུལ་བཞག་པུས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་དང་། ཕོ་ལན། ཅེ་ཁེ། ཧང་ག་རི་སོགས་རྒྱལ་ཁབ་17ནས་ཡོང་བའི་རིགས་གཅིག་མཁས་ཅན་50ཙམ་གླེང་སྟེགས་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།
         ཕོ་ལན་གྱི་རིག་གནས་དང་མི་རིགས་ཤུལ་བཞག་པུའི་པུའུ་ཀྲང་གཞོན་པ་མཱ་ཀེ་ཏ་ལའེ་ནཱ·ཅཱ་ཝུན་གྱི་བློ་འདྲི་བ་ལུའུ་ཁ་ཧྲེན·སྨི་ཧའར་སི་ཅིས་འགོ་ཚུགས་མཛད་སྒོའི་ཐོག་ཅཱ་ཝུན་གྱི་ཤིས་ཚིག་སྒྲོག་སྦྱངས་གནང་ཞིང་། ཅཱ་ཝུན་གྱི་ཤིས་ཚིག་ནང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཚང་མར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། ད་རེས་ཀྱི་གླེང་སྟེགས་དེས་རྒྱལ་ཁབ་ཁག་ལ་ཉམས་མྱོང་དང་བསམ་ཚུལ་སྤེལ་རེས་ཐད་ལས་སྟེགས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ད་རེས་ཀྱི་གླེང་སྟེགས་དེས་ད་དུང་རྒྱལ་ཁབ་ཁག་དབར་གྱི་འབྲེལ་བ་ཡག་ཏུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
         ཀྲུང་གོའི་རིག་གནས་པུའི་ཕྱི་ཕྱོགས་རིག་གནས་འབྲེལ་གཏུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཧྥ་ཧྥེན་གྱིས། དེང་རབས་ཅན་དང་འཛམ་གླིང་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་སྔར་ཡོད་ཀྱི་རིག་གནས་སྣོད་བཅུད་དང་རིག་གནས་བར་མཐོངས་བཙིར་སྣོན་ཐེབས་པ་དང་མངོན་མིན་རིག་གནས་ལ་སྔར་བྱུང་མྱོང་མེད་པའི་རྡབ་རྡེག་ཕོག་ཡོད། ད་རེས་གླེང་སྟེགས་ཀྱི་དམིགས་ཡུལ་ནི་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱ་རྒྱུའི་ཐད་ཀྱི་རྒྱལ་སྤྱིའི་ཞིབ་འཇུག་དང་བསམ་བློ་སྤེལ་རེས་ཀྱི་ལམ་བུ་ཞིག་བཏིང་པ་མ་ཟད། རྒྱལ་ཁབ་ཁག་གིས་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་ཁོངས་ཀྱི་སྒྲིག་གཞི་དང་རིགས་གཅིག་མཁས་ཅན་ཚོར་རྒྱལ་སྤྱིའི་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་རེད་ཅེས་བཤད་པ་རེད།
         ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ནས་ཡོང་བའི་རིགས་གཅིག་མཁས་ཅན་ཚོས་གླེང་སྟེགས་རིང་རྒྱལ་ཁབ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལོ་རྒྱུས་དང་དེའི་ད་ཆའི་གནས་ཚུལ་སྐོར་དང་། རྒྱལ་ཁབ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་དང་། དོ་དམ་ལམ་སྲོལ། སྲུང་སྐྱོབ་བྱེད་ཐབས། ལག་བསྟར་བྱ་ཚུལ། གྱོད་དཔེ་དབྱེ་ཞིབ་བཅས་ཀྱི་སྐོར། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་ཀྱི་སྤེལ་རེས་དང་མཉམ་ལས་བྱ་རྒྱུའི་སྐོར་གྱི་ཞིབ་ཕྲའི་གྲོས་འགོ་སོགས་ལ་གྲོས་བསྡུར་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།