འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རིམ་ཁག་ཁྲིམས་ཁང་ལ་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ཀྱི་དྲ་རྒྱ་བཙུགས་པ། 

    “སྒལ་རལ་འཚོང་མཁན”གྱི་མིང་ཐོ་དུས་བཀག་བཞིན་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་ལྗོངས་ཀྱི་རིམ་ཁག་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། གནམ་གྲུ་དང་མྱུར་བགྲོད་ལྕགས་ལམ་ལ་སྡོད་རྒྱུར་ཚོད་འཛིན་དང་། དངུལ་བུན་གཡར་བ་དང་ཐོ་འགོད་བྱས་ནས་ཁེ་ལས་གཉེར་རྒྱུར་ཚོད་འཛིན་བྱེད་པ་སོགས་ལ་བརྟེན་ནས་སྡེ་ཚན་མང་པོ་དང་། ལས་རིགས་མང་པོ། ཁྱབ་ཁོངས་མང་པོ། བྱ་ཐབས་མང་པོ་བཅས་ཀྱི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་ཀྱི་དྲ་རྒྱ་ཞིག་བཙུགས་པ་རེད། དེ་དང་ཆབས་ཅིག བོད་ཀྱི་རིམ་ཁག་ཁྲིམས་ཁང་གིས་ལག་བསྟར་ལས་ཀའི་ངོ་བོ་དང་ཁྱད་ཆོས་གཞིར་བཟུང་ཡུལ་བབ་དང་བསྟུན་ནས་ལག་བསྟར་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ལག་བསྟར་ལས་ཀའི་སྤུས་ཚད་ལེགས་སུ་དང་ཕན་འབྲས་མཐོ་རུ་ཧུར་ཐག་བཏང་བ་རེད།
         བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། བོད་ཀྱི་རིམ་ཁག་ཁྲིམས་ཁང་གིས་དོན་དངོས་ལ་གཞིགས་ནས་འབྲེལ་ཡོད་ཚན་པ་དང་སྡེ་ཚན་དང་མཉམ་དུ་ལས་ཀའི་ལམ་སྲོལ་མང་པོ་བཟོས་པ་དང་འབྲེལ་ལག་ལེན་བསྟར་ཡོད། དེའི་ནང་གྱོད་གཞི་སྒྲུབ་པའི་སྒྲུབ་རིམ་དོ་དམ་ལམ་སྲོལ་དང་། ལྗོངས་ཐད་གཏོགས་ལག་བསྟར་མཉམ་འགུལ་ལམ་སྲོལ་ཁོངས་མིའི་ཚན་པ་དང་མཉམ་འབྲེལ་ཐོག་བཟོས་པའི་《ལག་བསྟར་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་ལག་བསྟར་ཞིབ་སྲོལ་》 ལྷ་ས་དམག་དོན་ཁྲིམས་ཁང་དང་མཉམ་དུ་མིང་རྟགས་བཀོད་པའི་《ལག་བསྟར་གྱོད་གཞིའི་མཉམ་ལས་གྲོས་མཐུན་》 ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་ལས་ཀའི་ལམ་སྲོལ། ལག་བསྟར་ཟིལ་གནོན་ལམ་སྲོལ་(སྒལ་རལ་འཚོང་མཁན་དམར་རྗེན་དུ་འདོན་པའི་ལམ་སྲོལ་)ལག་བསྟར་རོགས་སྐྱོབ་ལམ་སྲོལ། ལག་བསྟར་སྲིད་གཙང་ཉེན་ཁའི་ལམ་སྲོལ་སོགས་ཚུད་ཡོད་པ་རེད།
         འགན་འཁུར་བ་དེས་《ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་ཡིད་རྟོན་ལྟ་སྐུལ་དང་། ཉེན་གཏོང་། ཆད་གཅོད་བསླབ་འདོམས་བཅས་ཀྱི་ལམ་སྲོལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)ནང་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཐབས་རིགས་11དང་ཁག་37གཏན་འཁེལ་བྱས་པ་དང་། ཞིབ་ཕྲའི་བྱ་ཐབས་ཁག་100ལྷག་ཙམ་ཡོད་པའི་ནང་། དམིགས་བསལ་གྱི་ལས་རིགས་སམ་ཡང་ན་རྣམ་གྲངས་ཀྱི་ཚོད་འཛིན་དང་། སྲིད་གཞུང་གི་རྒྱབ་སྐྱོར་རམ་ཡང་ན་ཁ་གསབ་ཀྱི་ཚོད་འཛིན། འགན་འཁུར་ཐོབ་ཐང་གི་ཚོད་འཛིན། ཆོག་འཐུས་ཐོབ་ཐང་གི་ཚོད་འཛིན། གཟི་བརྗིད་དང་ཡིད་རྟོན་གྱི་ཚོད་འཛིན། དམིགས་བསལ་ཁྲོམ་རའི་ཉོ་ཚོང་ཚོད་འཛིན་སོགས་ཚུད་ཡོད་པ་དང་། རྒྱལ་ཁབ་ཀྱི་དོ་དམ་དང་། དཔལ་འབྱོར་བྱེད་སྒོ། མི་སྒེར་གྱི་འཚོ་བ་བཅས་ཕྱོགས་གང་ས་ཅི་ཐད་ནས“སྒལ་རལ་འཚོང་མཁན”ལ་ཚོད་འཛིན་བྱས་ཏེ་དེ་དག་གནས་ཐབས་མེད་པ་བྱ་རྒྱུ་རེད་ཅེས་བཤད།
         “གོང་གསལ་གྱི་ལས་དོན་དེ་དག་བརྒྱུད། ཁྲིམས་ཐག་གཅོད་རྒྱུར་ལུས་པའི་ལག་བསྟར་གྱོད་གཞི་འབོར་ཆེན་ཞིག་ཐག་གཅོད་བྱས་པས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ཐེབས་ཡོད་པ་དང་། གསར་དུ་བདག་སྤྲོད་བྱས་པའི་གྱོད་གཞི་ཐག་གཅོད་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ནས་ལག་བསྟར་ལས་དོན་འཁོར་རྒྱུག་བཟང་པོ་ཐུབ་ཡོད། ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོ་ཡོངས་བསྒྲགས་ལས་དོན་ལ་རྒྱུན་མཐུད་དམ་འཛིན་བྱས་ནས་བརྙན་འཕྲིན་དང་། རླུང་འཕྲིན། ཚགས་པར། ཁྲིམས་ཁང་གི་གཞུང་ཕྱོགས་དཔོད་ཆུང་དང་སྐད་འཕྲིན་ལས་སྟེགས་བརྒྱུད་དུས་བཀག་ནང་ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོ་ཡོངས་བསྒྲགས་བྱས་ཏེ‘སྒལ་རལ་འཚོང་མཁན’རྣམས་མི་ཚང་མས་ཤེས་པ་དང་གནས་ཐབས་མེད་པ་བཟོས་པས་ཡིད་རྟོན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད”ཅེས་འགན་འཁུར་བ་དེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།