འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་ལུགས་གསོ་རིག་སྨན་ཁང་གསར་སྐྲུན་རྒྱས་སྐྲུན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་སྒྱུར་བཅོས་བྱེད་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྒན་རྒོན་མང་དུ་འགྲོ་བ་དང་གཅོང་ནད་ཕོག་པའི་ནད་པ་མང་དུ་འགྲོ་བའི་གནས་ཚུལ་དང་བོད་རིགས་ས་ཁུལ་གྱི་དོན་དངོས་ཀྱི་དགོས་མཁོར་གཞིགས་ཏེ་ཀྲོའུ་དང་། རྫོང་། ཤང་དང་གྲོང་རྡལ། སྡེ་ཁུལ་བཅས་ལ་བོད་ལུགས་གསོ་རིག་གི་ཁྱད་ལྡན་འཕྲོད་བསྟེན་ཞབས་འདེགས་ཞུ་ཡུལ་བཙུགས་པར་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
         གཞི་རིམ་ལ་ཁྱབ་པའི་བོད་ལུགས་གསོ་རིག་སྨན་ཁང་ནི་མཚོ་སྔོན་བོད་རིགས་ས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོའི་ལོ་མཇུག་ཏུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་སྨན་རྫས་མཚོ་སྔོན་གྱི་རྫོང་རིམ་པ་ཡོངས་ལ་ཁྱབ་པ་མ་ཟད། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་སྨན་རྫས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་མ་ལག་གི་འགྲོ་སོང་རྩིས་ཞུའི་ནང་བཅུག་ཡོད། འབྲེལ་ཡོད་འཆར་གཞི་ལྟར་ན། 2016ལོའི་ལོ་མཇུག་ཏུ་མཚོ་སྔོན་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལ་བོད་ལུགས་གསོ་རིག་སྨན་ཁང་200ལྷག་ཙམ་འཛུགས་རྒྱུ་ཡིན་པས་90%ཡན་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཞབས་འདེགས་ཞུ་ནུས་ལྡན་དུ་གྱུར་ཏེ་མང་ཚོགས་དེ་བས་མང་བས་ཉེ་འགྲམ་ནས་སྟབས་བདེ་ལ་སྨན་རིན་ཁེ་བའི་བོད་ལུགས་གསོ་རིག་གི་ནད་དཔྱད་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན་པ་རེད།
         “གངས་ལྗོངས་ས་མཐོར་ལོ་ངོ་2000ལྷག་ཙམ་རྒྱུན་འཛིན་བྱས་པའི་བོད་ཀྱི་གསོ་བ་རིག་པ་ད་ཆ་དགོན་སྡེ་གཅིག་པུ་ཙམ་མ་ཡིན་པར་གྲོང་གསེབ་ཀྱི་སྨན་བཅོས་སྒྲིག་གཞིར་ཁྱབ་གདལ་བཏང་བ་དང་སྲིད་གཞུང་གི་ལྕག་སྐུལ་དང་མང་ཚོགས་ཀྱི་དད་ཞེན་ལས་སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པར་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བཞིན་ཡོད། མཚོ་སྔོན་ནི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་བྱེད་མཁན་ས་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་ད་ཆ་གཞི་རིམ་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གཅིན་སྙི་ཟགས་ཁུའི་ནད་ལ་སྤྱོད་རྒྱུར་འཚམ་པའི་ལག་རྩལ་དང་། སྨན་ལ་བརྟེན་མི་དགོས་པར་ཁྲག་ཤེད་མཐོ་བའི་ནད་བཅོས་རྒྱུར་འཚམ་པའི་ལག་རྩལ་ཁྱབ་གདལ་གཏོང་བཞིན་ཡོད། ང་ཚོས་འབད་བརྩོན་བྱས་པ་བརྒྱུད་བོད་ལུགས་གསོ་རིག་དང་བོད་སྨན་ཚན་རིག་དང་མཐུན་པ་དང་གཞི་ཁྱོན་ལྡན་པ་ཞིག་ཆགས་པའི་རེ་བ་འཆང་བཞིན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་སྒྲིག་གཞི་སྒྱུར་བཅོས་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཧྲོའུ་ཧྲུན་གྱིས་དེ་ལྟར་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།