འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་ཨུད་25ཡིས་མཉམ་འབྲེལ་ཐོག་རང་རྒྱལ་གྱི་རྒན་རྒོན་གྱི་གནས་འཕྲོད་ཁོར་ཡུག་
    འཛུགས་སྐྲུན་གྱི་མཛུབ་སྟོན་བསམ་འཆར་ཐོག་མ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན་གསར་འགོད་པས་རྒྱལ་ཡོངས་ཀྱི་ན་རྒན་གཞུང་ལས་ཁང་གིས་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་ན་རྒན་གཞུང་ལས་ཁང་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་པུའུ་ཨུད་25ཡིས་ཐུན་མོང་ཐོག་བཏོན་པའི་《རྒན་རྒོན་གྱི་གནས་འཕྲོད་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》གོང་ཚེས་ཉིན་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་རང་རྒྱལ་གྱིས་ཁྱབ་བསྒྲགས་བྱས་པའི་རྒན་རྒོན་གྱི་གནས་འཕྲོད་ཁོར་ཡུག་འཛུགས་སྐྲུན་སྐོར་གྱི་མཛུབ་ཁྲིད་རང་བཞིན་ལྡན་པའི་ཡིག་ཆ་ཐོག་མ་དེ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་འདི་ཉིད་ན་རྒན་ཅན་དུ་འགྱུར་མགྱོགས་སུ་འགྲོ་བའི་དུས་རིམ་དུ་སླེབས་ཤིང་། 2015ལོའི་ལོ་མཇུག་བར་རང་རྒྱལ་གྱི་ལོ་60ཡན་གྱི་རྒན་རྒོན་མི་གྲངས་དུང་ཕྱུར་2.22ཟིན་པ་དེས་མི་འབོར་བསྡོམས་གྲངས་ཀྱི་16.1%བཟུང་ཡོད། སླད་ཕྱིན་ལོ་ཤས་རིང་ལོ་རེར་རྒན་རྒོན་ཁྲི་1000ལ་ཉེ་བ་མང་དུ་འགྲོ་རྒྱུ་རེད།
          མཛུབ་ཁྲིད་བསམ་འཆར་ནང་རྒན་རྒོན་ལ་འཕྲོད་པའི་གནས་སྡོད་ཁོར་ཡུག་དང་། རྒན་རྒོན་ལ་འཕྲོད་པའི་ཕྱིར་སྐྱོད་ཁོར་ཡུག རྒན་རྒོན་ལ་འཕྲོད་པའི་བདེ་ཐང་རྒྱབ་སྐྱོར་ཁོར་ཡུག རྒན་རྒོན་ལ་འཕྲོད་པའི་འཚོ་བའི་ཞབས་ཞུའི་ཁོར་ཡུག རྒན་རྒོན་ལ་བསྙེན་བཀུར་ཞུ་བའི་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་སོགས་རྒན་རྒོན་གྱི་གནས་འཕྲོད་ཁོར་ཡུག་འཛུགས་སྐྲུན་གྱི་ཕྱོགས་ཆེན་པོ་ལྔ་དང་ཡན་ལག་རྣམ་གྲངས་17གྱི་གཙོ་གནད་འཛུགས་སྐྲུན་ལས་འགན་འཆར་འགོད་བྱས་ཡོད་པ་མ་ཟད། ད་དུང་བདེ་འཇགས་རང་བཞིན་དང་། ཚད་ལོན་རང་བཞིན། ཕྱོགས་ཡོངས་རང་བཞིན། སྟབས་བདེའི་རང་བཞིན། བསྟུན་མཁས་རང་བཞིན་བཅས་ལྡན་དགོས་པའི་བླང་བྱ་ཡང་བཏོན་ཡོད་པ་རེད།
          མཛུབ་ཁྲིད་བསམ་འཆར་ནང་2025ལོར་སླེབས་སྐབས་བདེ་འཇགས་དང་། སྟབས་བདེ། ཟོས་བདེ་བཅས་ཀྱི་རྒན་རྒོན་གྱི་གནས་འཕྲོད་ཁོར་ཡུག་མ་ལག་རྩ་བའི་ཆ་ནས་འཛུགས་ཐུབ་པ་བྱེད་དགོས་པ་དང་། “གནས་སྡོད་དང་། འགྲོ་སྐྱོད། སྨན་བཅོས། གསོ་སྐྱོང”སོགས་ཀྱི་ཁོར་ཡུག་དེ་བས་ལེགས་འགྱུར་ཡོང་བ་བྱེད་དགོས། རྒན་རྒོན་ལ་བརྩི་བཀུར་དང་། རྒན་རྒོན་འཚོ་སྐྱོང་། རྒན་རྒོན་ལ་རོགས་རམ་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་སྔར་བས་བཟང་པོ་ཞིག་གཏོད་དགོས། རྒན་རྒོན་གྱི་གནས་འཕྲོད་ཁོར་ཡུག་འཛུགས་པའི་འདུ་ཤེས་རྒྱ་ཁྱབ་ངང་བཙུགས་ཏེ་རྒན་རྒོན་ཚོགས་སྤྱིའི་ཁྱད་ཆོས་དང་དགོས་མཁོར་བསམ་གཞིགས་གང་ལེགས་བྱས་ནས་མི་ཚང་མས་དོ་ཁུར་བྱེད་པ་དང་སྤྱི་དམངས་ཡོངས་རྒན་རྒོན་གནས་འཕྲོད་ཁོར་ཡུག་འཛུགས་སྐྲུན་ནང་ཞུགས་པའི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས། སྔར་བཞིན་བདེ་ཐང་དང་། གསོན་ཤུགས་འཕེལ་བ། རང་ཚུགས་ཐུབ་པ་བཅས་ཡོང་བར་བྱེད་པའི་རྒན་རྒོན་གྱི་མངོན་ཡོད་མངོན་མེད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་ལ་རྒན་རྒོན་ལ་འཕྲོད་པའི་གནས་སྡོད་ཁོར་ཡུག་དང་། བདེ་འཇགས་འགན་ལེན། སྡེ་ཁུལ་གྱི་རྒྱབ་སྐྱོར། ཁྱིམ་ཚང་གི་ཁོར་ཡུག མི་ཆོས་ཁོར་ཡུག་བཅས་མུ་མཐུད་ལེགས་སུ་གཏོང་དགོས།
      

    ཕྱོགས་བསྡུས་གསར་འགྱུར།