འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་བསམ་པའི་འཕྲོད་
    བསྟེན་ཞབས་ཞུའི་བསྡུ་སྒྲིལ་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་
    གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཟླ་10ཚེས་10ཉིན་ནི་འཛམ་གླིང་གི་བསམ་པའི་འཕྲོད་བསྟེན་ཉིན་མོ་ཡིན་ཞིང་། ཚེས་9ཉིན་ཧྲེན་ཀྲེན་དུ་སྤེལ་བའི་2016ལོའི་འཛམ་གླིང་གི་བསམ་པའི་འཕྲོད་བསྟེན་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་གོ་ཆང་གིས་བསམ་པའི་འཕྲོད་བསྟེན་ཞབས་ཞུའི་བསྡུ་སྒྲིལ་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་འཚོ་བ་དབུལ་ཞིང་སེམས་པ་ཐང་ཐང་མེད་པའི་སྨན་བཅོས་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། “འདྲ་མཉམ་དང་། ཞུགས་པ། མཉམ་སྤྱོད་”བཅས་བརྗོད་དོན་གཙོ་བོར་བྱས་པའི་2016ལོའི་འཛམ་གླིང་གི་བསམ་པའི་འཕྲོད་བསྟེན་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་དེ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་། སྤྱི་བདེ་པུའུ། དམངས་སྲིད་པུའུ། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བ་རེད། སེམས་པ་ཐང་ཐང་མེད་མཁན་300ལྷག་ཙམ་དང་དེ་བཞིན་ནང་མི་དང་གཞི་རིམ་གྱི་བསམ་པའི་སྔོན་འགོག་སྨན་པའི་འཐུས་མིས་ཧྲེན་ཀྲེན་གྲོང་ཁྱེར་དམངས་གཅེས་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་བདེ་ཐང་སླར་གསོ་ཁང་ལ་ལྟ་སྐོར་དང་། བདེ་ཐང་སླར་གསོའི་རྣམ་གྲངས་ཉམས་ལེན། སྡེ་ཁུལ་གྱི་བདེ་ཐང་སླར་གསོའི་སྤྱི་ཕན་ཁྲོམ་རར་ལྟ་སྐོར་བཅས་བྱས་པ་དང་འབྲེལ་ཐུན་མོང་ཐོག་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ཏེ་སེམས་ཁམས་བདེ་ཐང་ཡོང་བ་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་བདེ་ཐང་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ལུགས་ཚོར་བ་བྱས་པ་རེད།
         གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་ཐོ་འགོད་བྱས་པའི་སེམས་པ་ཐང་ཐང་མེད་པའི་ནད་པ་ཁྲི་510ཟིན་པ་དེའི་ཁྲོད་ནད་པ་80%ཡི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་མཁོ་འདོན་བྱས་པའི་དུས་བཀག་དོ་དམ་དང་བདེ་ཐང་སླར་གསོའི་མཛུབ་ཁྲིད་དང་ལེན་བྱས་པ་དང་། ནད་པ་90%ཡི་ནད་གཞི་མུ་མཐུད་བརྟན་པོ་ཡོད་པའམ་ཡང་ན་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་བསམ་པའི་འཕྲོད་བསྟེན་བཅའ་ཁྲིམས་དང་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་བསམ་པའི་འཕྲོད་བསྟེན་ལས་ཀའི་འཆར་གཞི་བཟོས་ཏེ་སེམས་པ་ཐང་ཐང་མེད་པའི་ནད་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། བསམ་པའི་འཕྲོད་བསྟེན་ལས་ཀ་ཉིན་རེ་ལས་མ་འདས་པར་རྒྱལ་ཁབ་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད། འོན་ཀྱང་མིག་སྔར་ལས་ཀ་དེ་དག་ལ་ཞབས་ཞུའི་མ་ལག་འཐུས་སྒོ་མི་ཚང་བ་དང་། ཞབས་ཞུའི་ནུས་པ་མི་འདང་བ། སེམས་སྦུག་དོག་པའི་ནད་སོགས་སེམས་པ་ཐང་ཐང་མེད་པའི་ནད་གཞིའི་རྐྱེན་པས་རང་ཤི་རྒྱག་པའི་གནད་དོན་མང་པོ་ཐོན་གྱི་ཡོད་པས། སེམས་ཁམས་བདེ་ཐང་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱི་བསམ་པའི་མཛུབ་ཁྲིད་འཐུས་སྒོ་ཚང་དུ་གཏོང་བ། ཉེན་ཁར་ཐེ་གཏོགས་བྱེད་པ་བཅས་ཀྱི་ལས་དོན་སྤེལ་རྒྱུ་ཁ་ཚ་དགོས་གཏུགས་ཤིག་རེད།
         ཝང་གོ་ཆང་གིས་ཤིས་ཚིག་གསུང་སྐབས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཅིག་ནས་སྡེ་ཚན་མང་པོས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སེམས་ཁམས་བདེ་ཐང་ཞབས་ཞུའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཞིབ་འཇུག་བྱས་ནས་བཟོས་དགོས་པ་དང་། ཕྱོགས་གཞན་ཞིག་ནས་བསྡུ་སྒྲིལ་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཚོ་བ་དབུལ་ཞིང་སེམས་པ་ཐང་ཐང་མེད་པའི་ནད་པའི་སྨན་བཅོས་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་སེམས་པ་ཐང་ཐང་མེད་པའི་ནད་པར་རང་སོའི་ཁྱད་ཆོས་ལྡན་པ་དང་།  རྣམ་པ་སྣ་ཚོགས་ཀྱི་བདེ་ཐང་སླར་གསོའི་ཞབས་ཞུ་མཁོ་འདོན་བྱེད་དགོས་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།