འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བཟའ་ཚྭའི་རིན་གོང་རྩ་བའི་ཆར་བརྟན་པོ་ཡོང་བའི་
    འགན་ལེན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10 ཚེས་9ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྤྱི་ཚོགས་ཀྱིས་བཟའ་ཚྭའི་རིན་གོང་ཐད་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་བརྒྱབ་ཅིང་། འབྲེལ་ཡོད་འགན་འཁུར་བས་བྱ་ཐབས་སྣ་ཚོགས་སྤྱད་དེ་བཟའ་ཚྭའི་ཁྲོམ་ར་དང་རིན་གོང་རྩ་བའི་ཆར་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         བཟའ་ཚྭའི་རིན་གོང་གི་གཏན་ཁེལ་བྱེད་དབང་གཤམ་སྤྲོད་བྱས་རྗེས་རིན་གོང་འཕར་རྒྱུར་སེམས་ཁྲལ་བྱེད་པར་དམིགས་ནས་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཟའ་ཚྭའི་ལས་རིགས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཇུས་གཞི་ལག་བསྟར་བྱས་རྗེས་སྤྱིར་ན་བཟའ་ཚྭའི་ཁྲོམ་རའི་དགོས་མཁོ་འགན་ལེན་གང་ལེགས་ཐུབ་རྒྱུ་དང་བཟའ་ཚྭ་དཀྱུས་མའི་རིན་གོང་ནམ་རྒྱུན་དང་མི་འདྲ་བའི་འགྱུར་བ་འགྲོ་མི་སྲིད་ཅེས་ལན་བརྒྱབ་པ་རེད། འགན་འཁུར་བ་དེས་ད་དུང་ངོ་སྤྲོད་བྱས་པར། རང་རྒྱལ་དུ་བཟའ་ཚྭའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་བཟའ་ཚྭའི་ལས་རིགས་ཀྱིས་ལོ་མང་རིང་ཐོན་སྐྱེད་བྱས་པ་དེ་བྲིན་ཚོང་ལས་མང་བ་སྟེ། 2015ལོར་རང་རྒྱལ་གྱི་མ་བཅོས་ཚྭ་ཏུན་ཁྲི་11345ཐོན་སྐྱེད་བྱས་ཡོད་པ་དང་འཛད་སྤྱོད་བྱེད་ཚད་ཏུན་ཁྲི་8876ལས་ཟིན་གྱི་མེད་ཅིང་། དེའི་ནང་བཟའ་ཚྭ་འཛད་སྤྱོད་བྱེད་ཚད་ཏུན་ཁྲི་1000ཡས་མས་ཟིན་གྱི་ཡོད་པ་རེད། དེ་དང་ཆབས་ཅིག་རང་རྒྱལ་དུ་བཟའ་ཚྭའི་ཁྲོམ་རའི་མཁོ་སྤྲོད་བྱེད་ཕྱོགས་མང་བ་དང་ཐོ་འགོད་བྱས་པའི་ཚཱའི་ལས་རིགས་ཀྱི་ཐོན་སྐྱེད་ཁེ་ལས་300ཡས་མས་དང་ཚྭའི་ལས་རིགས་ཀྱི་འགྲོ་རྒྱུག་ཁེ་ལས་4000ལྷག་ཙམ་ཡོད་པ་རེད།
         འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་རྒྱལ་ཁབ་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་བཟའ་ཚྭའི་ཁྲོམ་ར་དང་རིན་གོང་རྩ་བའི་ཆར་བརྟན་པོ་ཡོང་རྒྱུ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད་པ་སྟེ། གཅིག་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ཡིན་ཞིང་། བཟའ་ཚྭ་ཐོན་སྐྱེད་ཚོང་གཉེར་ཁེ་ལས་ལ་བཟའ་ཚྭའི་བཀོད་གཏོང་དང་སྡེབ་སྐྱེལ་ལས་དོན་ཡག་པོ་བསྒྲུབས་ནས་བཟའ་ཚྭའི་ཁྲོམ་ར་དང་ལྷག་པར་དུ་མཐའ་མཚམས་ཀྱི་དབུལ་ཕོངས་ས་ཁུལ་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བའི་མཐའ་མཚམས་མི་རིགས་ས་ཁུལ་གྱི་བཟའ་ཚྭ་དཀྱུས་མ་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པ་མ་ཟད། ད་དུང་རྒྱུན་ཆད་མེད་པར་མཁོ་སྤྲོད་དང་འཚོང་ཆད་མི་ཐེབས་པའང་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་དང་། གཉིས་ནས་བཟའ་ཚྭའི་གསོག་འཇོག་མ་ལག་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞིང་། སྲིད་གཞུང་གིས་གསོག་འཇོག་བྱེད་པ་དང་ཁེ་ལས་དང་སྤྱི་ཚོགས་ཀྱིས་གསོག་འཇོག་གི་འགན་འཁྲི་ཁུར་བ་གཉིས་ལས་གྲུབ་པའི་སྤྱི་ཚོགས་ཡོངས་ཀྱི་བཟའ་ཚྭ་གསོག་འཇོག་མ་ལག་ཅིག་བཙུགས་པའི་ནང་སྲིད་གཞུང་གི་གསོག་འཇོག་དེ་ས་ཁུལ་དེ་གའི་ཟླ་བ་གཅིག་གི་བཟའ་ཚྭ་བྲིན་ཚོང་བྱེད་ཚད་ལས་མི་དམའ་བྱ་རྒྱུ་དང་། ཁེ་ལས་ཀྱི་གསོག་འཇོག་དེ་རྒྱུན་ལྡན་གནས་ཚུལ་འོག་ཟླ་བ་གཅིག་གི་ཆ་སྙོམས་བྲིན་ཚོང་བྱེད་ཚད་ལས་མི་དམའ་བ་བྱ་རྒྱུ། རང་བྱུང་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་ཐོན་སྐབས་གསོག་འཇོག་བྱས་པ་དག་གཤམ་སྤྲོད་བྱེད་པ་སོགས་ཀྱི་བྱ་ཐབས་དུས་ཐོག་ཏུ་སྤྱད་ནས་བཟའ་ཚྭ་བདེ་འཇགས་དང་བརྟན་པོའི་ངང་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱ་རྒྱུ། གསུམ་ནས་རིན་གོང་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན་ཞིང་། བཟའ་ཚྭའི་ཁྲོམ་རའི་རིན་གོང་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་སྒྲུབ་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བཟའ་ཚྭའི་རིན་གོང་བརྟན་པོ་ཡོང་བ་བྱེད་པ། དམིགས་བསལ་གྱི་གནས་ཚུལ་འོག་གནས་སྐབས་རིན་གོང་ལ་ཐེ་ཇུས་བྱས་པའམ་ཡང་ན་ཛ་དྲག་བྱ་ཐབས་གཞན་ཁྲིམས་ལྟར་སྤྱོད་པ་བཅས་ཀྱི་ཐོག་ནས་བཟའ་ཚྭ་དཀྱུས་མའི་རིན་གོང་ནམ་རྒྱུན་དང་མི་འདྲ་བའི་འགྱུར་བ་འགྲོ་རྒྱུ་སྔོན་འགོག་བྱ་རྒྱུ། བཞི་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། བཟའ་ཚྭའི་ཁྲོམ་རའི་རིན་གོང་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིན་གོང་ཧམ་སྤོར་དང་འབེལ་ཉོ་དཀོན་འཚོང་སོགས་ལུགས་དང་མི་མཐུན་པའི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་གཅོད་བྱས་ནས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།