༄༅།།བོད་ལྗོངས་ཀྱི་དམིགས་བསལ་སློབ་གྲྭའི་དམིགས་བསལ་ལུས་རྩལ་འགྲན་ཚོགས།
གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 09ཚེས་30ཉིན། 09:45】 (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་28ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གྲྭའི་སློབ་མ་ཚོས་སློབ་གྲྭ་གསར་པར་སྤོས་རྗེས་ཀྱི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་དེ་བསུས་ཤིང་། ཕྲུ་གུ་ཚོས་རང་གི་ནུས་པས་གང་ལྕོགས་ཀྱིས་ལུས་རྩལ་རྣམ་གྲངས་ནང་ཞུགས་ཡོད་པ་རེད།
ད་ལོའི་ཟླ་5པར་སྤོས་པའི་ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་ནི་2000ལོར་བཙུགས་པ་དང་བོད་ཀྱི་དམིགས་བསལ་བྱིས་པ་ཚོར་དམིགས་ནས་བཙུགས་པའི་སློབ་གསོའི་སྒྲིག་གཞི་ཞིག་རེད། མཐོང་སྒྲིབ་འཛིན་གྲྭ་དང་། འོན་ལྐུགས་འཛིན་གྲྭ ཤེས་འཕེལ་འཛིན་གྲྭ་བཅས་བཙུགས་ཡོད་ལ། ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་དང་། གཡོས་སྦྱོར། ཐང་ག་སོགས་ལས་རིགས་རྩལ་ནུས་ཀྱི་འབྲིང་རིམ་ཆེད་ལས་སློབ་ཚན་བཀོད་སྒྲིག་བྱས་ཡོད་ཅིང་། སློབ་གྲྭ་དེ་ནི་མཉམ་འདྲེས་ཕྱོགས་བསྡུས་རང་བཞིན་གྱི་དམིགས་བསལ་སློབ་གྲྭ་ཞིག་རེད། མིག་སྔར་སློབ་གྲྭར་དགེ་རྒན་དང་ལས་བཟོ་70དང་དབང་པོ་སྐྱོན་ཅན་སློབ་མ་180ལྷག་ཙམ་ཡོད་པ་རེད། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སློབ་གྲྭ་དེ་ཉིད་ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་ཡན་ལག་ཚོགས་རར་གཏན་འཁེལ་བྱས་ཡོད་པ་རེད། འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གྲྭའི་མཐོང་སྒྲིབ་ལོ་རིམ་གསུམ་པའི་སློབ་མ་ཚོས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ལུས་རྩལ་ཐང་དུ་སྐྱོད་པའི་གནས་ཚུལ་ཡིན་པ།
