འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཤར་གཏོང་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་གསུམ་ཙམ་རིང་ཨར་སྐྲུན་ཧུར་ཐག་བྱས་ཏེ་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་སྟེ་མཚོ་སྔོན་གྱི་མཛོ་རྭ་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གངས་རིའི་ཕུག་ལམ་དང་པོ་ཚེས་24ཉིན་ཤར་གཏོང་ཐུབ་ཡོད་པ་རེད།
         ཨར་སྐྲུན་ལས་འགན་འཁུར་མཁན་ཀྲུང་གོ་ལྕགས་ལམ་ཅུས་བཅོ་བརྒྱད་པའི་ཚོགས་པ་མཛོ་རྭ་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་རྣམ་གྲངས་ཀྱི་ཅིང་ལི་ལི་ཧྲི་ཏུང་གིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་གངས་རིའི་ཕུག་ལམ་དང་པོའི་དོང་གཉིས་ཀྱི་སྤྱིའི་རིང་ཚད་སྨི་9065ལས་བརྒལ་བ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4400 ཨར་སྐྲུན་གྱི་ས་བབ་མཐོ་ཤོས་སྨི་4800ལྷག་བཅས་ཟིན་པས་དེ་ནི་མིག་སྔར་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཞིག་ཡིན། 
         མཚོ་སྔོན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོ་ཡིན་པའི་མཛོ་རྭ་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་419.4ཟིན་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་218བཏང་ཞིང་། ཕྱོགས་གཉིས་འཁོར་ལམ་བཞིའི་ཚད་གཞི་ལྟར་བསྐྲུན་པ་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་80ཡིན་ལ་ལམ་ཧྲིལ་པོ་2017ལོར་བསྐྲུན་ཚར་རྗེས་མཛོ་རྭ་ནས་གཅིག་སྒྲིལ་བར་གྱི་འཁོར་གཏོང་ལམ་ཐག་ནི་ད་ཡོད་གཞུང་ལམ་དང་བསྡུར་ན་སྤྱི་ལེ་400ལྷག་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།