འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སྲོལ་རྒྱུན་མདའ་རྩལ། རི་དྭགས་རྔོན་པ་དང་དམག་འཁྲུག་རྒྱག་བྱེད་ནས་
    ལུགས་སྲོལ་དང་ལུས་རྩལ་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་25ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བཀའ་བརྡ་གྲགས་པ་དང་སྦྲགས་བློན་པོ་གསེར་ཆེན་གྱི་འདབས་དང་རྨ་ཆུ་སྔོན་མོའི་འགྲམ་ནས་སྨྱུག་མདའ་མང་པོ་ཧུར་སྒྲ་འབེན་གྱི་ཕྱོགས་ལ་འཕུར་ཅིང་། དངངས་འཚབ་བྱས་པའི་དབང་གིས་བདམས་ཐོན་པ་ཁ་ཤས་ཤིག་གི་མདའ་མོ་འབེན་འགྲམ་གྱི་འགྱིག་གི་གད་གཞོང་ལ་ཕོག་ནས་བརྟོལ་བ་མཐོང་བས། ལྟད་མོ་བའི་འདྲོག་སྐད་ཀྱིས་ཁེངས།
           ཉེ་ཆར། ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་ཕུལ་བྱུང་འགྲན་བསྡུར་སྐབས་གཉིས་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དུ་བྱས་པར་རྒྱལ་ཁབ་དང་ས་ཁུལ་23ནས་སླེབས་པའི་ལུས་རྩལ་པ་900ལྷག་ཙམ་ཞུགས་ཡོད་པ་དང་། སྐབས་འདིའི་འགྲན་བསྡུར་ཐོག་རྒྱལ་སྤྱིའི་མདའ་རྩལ་འགྲན་བསྡུར་གྱི་འབྲེལ་ཡོད་སྒྲིག་སྲོལ་ལྟར་གཞུ་སྣ་4དང་རྣམ་གྲངས་5ཡི་འགྲན་བསྡུར་བྱས་པ་རེད།
          གསེར་ཆེན་རྫོང་ནི་ཞིང་འབྲོག་ཁུལ་དང་བོད་རྒྱ་མི་རིགས་གཉིས་ཀྱི་འདྲེས་མཚམས་སུ་གནས་རྐྱེན། གནའ་སྔ་མོ་ནས་བཟུང་ས་གནས་དེ་གའི་མི་རྣམས་ཀྱིས་གྲོང་ཚོ་ཚན་པར་བྱས་ནས་མདའ་རྩལ་འགྲན་གྱི་ཡོད་པ་དང་། ད་ཆ་དམངས་ཁྲོད་སྲོལ་རྒྱུན་མདའ་རྩལ་རྣམ་གྲངས་དེ་ཞིང་དལ་དང་དུས་ཆེན་སྐབས་ཀྱི་རོལ་རྩེད་རྣམ་གྲངས་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།
           འགྲན་བསྡུར་བྱ་ཡུལ་དུ། བདམས་ཐོན་པ་ཚོས་རང་འགུལ་སྒོས་སོ་སོའི་མི་རིགས་ཀྱི་གྱོན་ཆས་གྱོན་པ་སྟེ། བོད་རིགས་རྣམས་ཀྱིས་ཕྱུ་པ་དང་། རྒྱ་རིགས་རྣམས་ཀྱིས་ཐང་གི་ལྭ་རིང་། ཕྱི་རྒྱལ་བ་རྣམས་ཀྱིས་སྨད་གཡོགས་དང་འཇུར་རྟ་ཡུ་རིང་སོགས་གྱོན་ཡོད།
             ལོ་བཞི་མདའ་རྩལ་སྦྱངས་པའི་ཧུའུ་པེའི་བདམས་ཐོན་པ་ཧྥན་ཧའེ་ཅང་གིས། གནའ་རབས་ཀྱི་མདའ་གཞུའི་སྤྱོད་སྒོ་ནི་གཙོ་བོ་རི་དྭགས་རྔོན་བྱེད་དང་དམག་འཁྲུག་རྒྱག་བྱེད་ཡིན་པས་མདའ་རྩེ་ལྕགས་ཀྱུ་ལྟར་ནང་དུ་ཏོག་ཙམ་གུག་ཡོད་པས། གལ་སྲིད་མིར་ཕོག་ཚེ་ཉེན་ཁ་ཧ་ཅང་ཆེ། ད་ཆ་འགྲན་བསྡུར་བྱེད་སྐབས་དང་ཡང་ན་དུས་རྒྱུན་སྦྱོང་བརྡར་བྱེད་སྐབས་སྤྱོད་པའི་མདའ་ནི་ལེབ་ཅིང་ཟླུམ་པ་ཞིག་ཡིན་པས་ཉེན་ཁ་ཆུང་ཞེས་བཤད།
             མདའ་འཕེན་ལུས་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཏེ། རང་རྒྱལ་ལ་གནའ་སྔ་མོ་ནས་བཟུང“མདའ་འཕེན་སྐབས་སུ་ཀུན་སྤྱོད་མངོན། གུས་དང་གར་ཡང་དེ་བཞིན་ནོ”ཞེས་ཤོད་སྲོལ་ཡོད། ཅི་ནན་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་མཱ་མིང་ཏཱས། ལོ་རྒྱུས་ཀྱི་འཕོ་འགྱུར་དང་བསྟུན་ནས་མདའ་འཕེན་པ་ནི་སྲོལ་རྒྱུན་གྱི་ལུགས་སྲོལ་ཞིག་དང་མི་རིགས་ལུས་རྩལ་གྱི་རྣམ་གྲངས་ཤིག་ཏུ་གྱུར་བའི་ངོས་འཛིན་བྱས།
             ཐང་གི་ལྭ་རིང་གྱོན་པའི་ཧྲན་ཏུང་གི་བདམས་ཐོན་པ་ཀྲང་ཧྲུའུ་ཤིན་གྱིས། སྲོལ་རྒྱུན་གྱི་མདའ་གཞུ་ནི་སྨྱུག་ཤིང་སོགས་ཀྱིས་བཟོས་པ་ཡིན་མོད། ཡིན་ན་ཡང་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། ལོ་ཚད་མི་འདྲ་བ་བཅས་ཀྱི་བདམས་ཐོན་པ་ཚོའི་མདའ་གཞུའི་མཛེས་རྒྱན་ཅུང་མི་འདྲ། བདམས་ཐོན་པ་ཚོར་མཚོན་ན། འགྲན་བསྡུར་ལ་ཞུགས་ཐེངས་རེ་རེ་ནི་རྒྱལ་ཁབ་ཕྱི་ནང་གི་མདའ་འཕེན་ལ་དགའ་པོ་བྱེད་མཁན་ཚོ་དང་སྤེལ་རེས་ཀྱི་གོ་སྐབས་ཡག་པོ་ཞིག་ཡིན་པས་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་རེད་ཅེས་བཤད།
             “མདའ་འཕེན་བྱེད་སྒོ་ནི་བློ་སྦྱོང་བརྒྱུད་གཟུགས་པོ་བདེ་ཐང་ཡོང་བར་བྱེད་པ་ཞིག་སྟེ། དཔེར་ན་གཞུ་འཐེན་པ་དང་། ལག་པ་གློད་པ། དེ་བཞིན་འབེན་ལ་ཕོག་མ་ཕོག་དང་བསྟུན་ནས་ཤུགས་ཚད་དང་བསམ་བློ་གཏོང་སྟངས་བསྒྱུར་དགོས་ལ། སེམས་འཚབ་པ་ནས་རྣལ་དུ་ཕབ་པ་དང་། དངངས་སྐྲག་སྐྱེས་པ་ནས་རྩེ་གཅིག་ཏུ་གཞོལ་དགོས་ཀྱི་ཡོད”ཅེས་ཀྲང་ཧྲུའུ་ཤིན་གྱིས་ངོ་སྤྲོད་བྱས།
             “འདི་ལོའི་བདམས་ཐོན་པ་ཚོའི་ཆུ་ཚད་ན་ནིང་དང་བསྡུར་ན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་འདུག་པས། ང་ལ་གནོན་ཤུགས་ཆེན་པོ་འདུག”ལོ་འདི་དག་རིང་མདའ་འཕེན་རྒྱུར་དགའ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དཔེར་ན་འདི་ལོ་བདམས་ཐོན་པ་གསར་པ་མང་པོ་ཞིག་ཡོད་པ་མ་ཟད། ད་དུང་ཕྱི་རྒྱལ་གྱི་བདམས་ཐོན་པ་ཡང་མང་དུ་ཕྱིན་འདུག་ཅེས་ན་ནིང་གི་འགྲན་བསྡུར་ལ་ཞུགས་མྱོང་བའི་ཧྥན་ཧའེ་ཅང་གིས་བཤད།
             འདི་ལོའི་འགྲན་བསྡུར་འགོ་མ་ཚུགས་གོང་། མཚོ་སྔོན་གྱིས་རྒྱལ་ཡོངས་ཞིང་ཆེན་རིམ་པའི་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཐོག་མ་བཙུགས་པ་དང་འབྲེལ་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་དོན་གྱི་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་ཡང་གཉེར་བའི་ཐོག་རྒྱལ་ནང་གི་མདའ་འཕེན་ལས་རིགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་འདྲེན་ཞུས་ནས་ཆེད་དོན་འཆད་ཁྲིད་བྱས་ཏེ། ཚད་ལོན་པའི་འགྲན་བསྡུར་རྩ་འཛུགས་དང་མདའ་འཕེན་ཤན་འབྱེད་པ་ཁག་ཅིག་གསོ་སྐྱོང་བྱ་རྒྱུར་ཤུགས་བརྒྱབ་པ་རེད།
             “མཚོ་སྔོན་གྱི་སྲོལ་རྒྱུན་མདའ་འཕེན་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་ཧ་ཅང་མགྱོགས་པོ་ཕྱིན་སོང་། མདའ་རྩལ་འགྲན་བསྡུར་དེ་མི་རིགས་ཁག་གི་མང་ཚོགས་དབར་སྤེལ་རེས་དང་། འབྲེལ་འདྲིས། མཉམ་འདྲེས་བཅས་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད” ཕུལ་བྱུང་ཅན་འགྲན་བསྡུར་བྱེད་པ་འདི་སྲོལ་རྒྱུན་མདའ་འཕེན་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་གཏོང་རྒྱུར་ཕན་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་དམངས་ཡོངས་ལུས་སྦྱོང་འཐབ་ཇུས་དོན་འཁྱོལ་སྔར་བས་ཡག་པོ་བྱ་རྒྱུར་ཡང་ཕན་པ་ཡོད་ཅེས་ཀྲུང་གོ་མདའ་འཕེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཀྲན་ཆིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།