འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་དམར་དམག་ལས་བྱེད་པ་སངས་རྒྱས་ཡེ་ཤེས་ཀྱི་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་26ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    འདི་ནི་དམར་དམག་ནང་ཞུགས་མཁན་གྱི་བོད་རིགས་འཐབ་འཛིང་པ་ཁག་གཅིག་གི་པར་ཡིན་པ།
    འདི་ནི་དམར་དམག་ནང་ཞུགས་མཁན་གྱི་བོད་རིགས་འཐབ་འཛིང་པ་ཁག་གཅིག་གི་པར་ཡིན་པ། 
        དམར་དམག་རྒྱང་སྐྱོད་བྱེད་སྐབས་ལྷོ་ནུབ་དང་ནུབ་བྱང་རྒྱུད་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་བརྒྱུད་དེ་སྐྱོད་མྱོང་ཞིང་། ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱིས་དམར་དམག་ལ་རྒྱུས་མངའ་ཆེན་པོ་བྱུང་སྟེ། དམར་དམག་གི་སྒྲིག་ཁྲིམས་ནན་པ་དང་འདྲ་མཉམ་སོགས་ཀྱི་མི་རིགས་སྲིད་ཇུས་ཀྱིས་ཁོ་ཚོའི་སེམས་ལ་བག་ཆགས་ཆེན་པོ་བཞག་པར་བརྟེན། དམར་དམག་ནང་ཞུགས་པའི་ཚ་རླབས་རིམ་གྱིས་འཕྱུར། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། དམར་དམག་ནང་ཞུགས་མཁན་གྲངས་ཉུང་མི་རིགས་ནང་ཀུའེ་ཀྲོའུ་ནས་མི་ཁྲི་1.25དང་། སི་ཁྲོན་ནས་མི་ཁྲི་5.5 ཀན་སུའུ་ལུང་ནན་ནས་མི་2000ལྷག ཡུན་ནན་བཀྲ་ཤིས་ནས་མི་3000ལྷག་ཙམ་བཅས་ཡོད། གྲངས་ཉུང་མི་རིགས་ཀྱི་དམར་དམག་ལས་བྱེད་པ་ཁག་གཅིག་དེ་ནས་འཚར་ལོངས་བྱུང་བ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་དང་སྲིད་གཞུང་གི་ཀྲུའུ་ཞིའི་འགན་ཁུར་མཁན་ཐན་པའོ་ཡང་ཁོང་ཚོའི་གྲས་ཤིག་ཡིན།
         བཙུན་ཆུང་དམར་དམག་ནང་ཞུགས།
         1935ལོར་དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་པའི་དཔུང་སྡེ་རྒྱང་སྐྱོད་བྱས་ཏེ་རྔ་པར་འབྱོར།
         དམར་དམག་མ་འབྱོར་གོང“མི་གསོད་པ་དང་མེ་རྒྱག་པ”དང་། “རྒྱུ་ནོར་དང་བུད་མེད་བཙན་འཕྲོག”“མི་རིགས་དང་ཆོས་རྩ་མེད་བཟོ་བ”སོགས་གོ་མིན་ཏང་གིས་བཟོས་པའི་དཀྲོག་གཏམ་གང་སར་ཁྱབ་པར་བརྟེན་སྐབས་ཤིག་རིང་མི་རྣམས་དངངས་སྐྲག་གི་གནས་སུ་གྱར། ཐན་པའོ་ཡི་ཁྱིམ་ཚང་སྐྱོ་བའི་ཐོག་གཉེན་སྒྲིག་བྱས་མེད་པའི་སྤུན་གསུམ་ཡོད་པ་དང་ཐན་པའོ་རང་ཉིད་ཀྱང་བཙུན་ཆུང་ཞིག་ཡིན། འོན་ཀྱང་དམར་དམག་ལ་རྒྱུས་མངའ་མེད་པར་བརྟེན། ཁོང་དང་ཕ་ཡུལ་གྱི་གཉེན་ཉེ་ཚོ་རིར་བྲོས་པ་རེད།
         རི་ཐོག་ཏུ་སླེབས་རྗེས། བོད་རིགས་མང་ཚོགས་ཚོས་སྔར་མཐོང་མྱོང་མེད་པའི་དམར་དམག་གི་དཔུང་སྡེ་དེར་བྱ་ར་ཐེངས་མང་བྱས། ཉིན་མང་སོང་རྗེས། མང་ཚོགས་ཚོས་དམར་དམག་ནི་སྒྲིག་ཁྲིམས་ནན་པ་དང་དྲག་ཆར་རླུང་འཚུབ་དང་བཀྲེས་ལྟོགས་ཀྱིས་མནར་ཡང་དགོན་པ་དང་མང་ཚོགས་ཀྱི་སྡོད་ཁང་ནང་མི་འཛུལ་བར་རང་སོར་སྡོད་པ་ཤེས། དམར་དམག་ཚོའི་རྣམ་འགྱུར་ལེགས་པ་དང་ཕན་ཚུན་གོ་བརྡ་མི་འཕྲོད་ཀྱང་གད་མོ་དགོད་བཞིན་མང་ཚོགས་ཚོར་ལག་བརྡ་བྱས་ནས་འབྲེལ་བ་བྱེད་ཀྱི་ཡོད། དམར་དམག་ཚོས་ད་དུང་ཡུལ་གྱི་རྒྱལ་པོའི་ས་ནས་གཞུང་བཞེས་བཏང་བའི་ཅ་དངོས་དབུལ་ཕོངས་ཚོར་བགོས།
         དེ་ལྟར་མཐོང་རྗེས་ཐན་པའོ་ཡི་སེམས་ལ་གཡོ་འགུལ་ཐེབས། “ཁོང་ཚོ་དམར་དམག་ནང་ཞུགས་ཐུབ་ན། ང་ཡང་དམར་དམག་ནང་ཞུགས་ཐུབ”སྙམ་བཞིན་ཕ་མ་སྤུན་མཆེད་དང་གྲོས་མ་བྱས་པར་ལོ་18ལ་སླེབས་པའི་ཐན་པའོ་ཡིས་གྲྭ་ཆས་ཕུད་དེ་དམར་དམག་ནང་ཞུགས། ཐན་པའོ་ཡི“གསར་བརྗེའི་བྱ་སྤྱོད”ལ་དམར་དམག་གི་འཐབ་འཛིང་པ་དང་གྲོགས་པོ་ཚོའི་བསྔགས་བརྗོད་ཐོབ།
         གྲྭ་བཙུན་བྱེད་མྱོང་བའི་ཐན་པའོ་བོད་ཡིག་ཤེས་པར་བརྟེན། དམར་དམག་ནང་ཞུགས་མཁན་ན་གཞོན་ཚོའི་ཁྲོད་ནས་ཤེས་ཡོན་ཅན་ཞིག་ཡིན་པས། རུ་དཔོན་གཞོན་པར་བསྐོ་གཞག་བྱས་པ་དང་ཁོང་གི་ལས་འགན་ནི་ཡུལ་གྱི་གཤེད་མར་རྡུང་རྡེག་གཏོང་རྒྱུ་དང་ས་ཞིང་བགོ་རྒྱུ་དང་འབྲེལ་དམར་དམག་གི་འབྲུ་རིགས་དང་གཟན་རྩྭ་གྲབས་གསོག་བྱ་རྒྱུ་དེ་ཡིན། ལོ་དེར་ཐན་པའོ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་དམར་དམག་གི་བོད་རིགས་འཐབ་འཛིང་པ་དང་པོ་དང་ཀྲུང་གུང་གི་བོད་རིགས་ཏང་ཡོན་དང་པོར་གྱུར།
         སྔོ་ཚོད་དྲིལ་བསྒྲགས་པ།
         ཐན་པའོ་དམར་དམག་ནང་ཞུགས་རྗེས་རིང་པོར་མ་ཐོགས་པར་དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་པའི་སྤྱི་ཁྱབ་པུའུ་རུ་ལས་སྒྱུར་བྱས་པ་དང་། 1935ལོའི་ཟླ་8པར་ཁོང་གིས་གཡོན་ལམ་དམག་དཔུང་དང་མཉམ་དུ་ན་འདམ་སྟེང་བསྐྱོད་པ་དེ་ནི་ཁོང་ཚོས་རྩྭ་ཐང་བརྒལ་ཐེངས་དང་པོ་དེ་རེད།
         དཔུང་སྡེར་འབྲུ་རིགས་དཀོན་པོ་ཡོད་སྟབས་སྔོ་ཚོད་བཀོག་ནས་ཟ་དགོས་ཡོད་མོད། འོན་ཀྱང་ན་འདམ་གྱི་སྔོ་ཚོད་ཕལ་ཆེ་བར་དུག་ཡོད་སྟབས་དམར་དམག་སྤྱི་ཁྱབ་པུའུ་ཡིས་བོད་རིགས་སྤུན་ཟླར་སྔོ་ཚོད་རིགས་དབྱེ་རུ་བཅུག་ནས་པར་རིས་བྲིས་ཏེ་དཔུང་སྡེ་ཁག་ལ་སྤྲད་ཡོད། སྐབས་དེ་དུས་སྤྱི་ཁྱབ་པུའུ་རུ་སྣུམ་པར་འཕྲུལ་ཆས་ཁ་ཤས་ལས་མེད་པ་མ་ཟད་སྣུམ་སྣག་ཤོག་བུ་དཀོན་པོ་ཡོད་རྐྱེན་རྗེས་སུ་སྔོ་ཚོད་ཀྱི་དམར་དཔེ་བཀོག་ནས་ཐན་པའོ་དང་བོད་རིགས་འཐབ་འཛིང་པ་གཞན་དག་ལ“སྔོ་ཚོད་དྲིལ་བསྒྲགས་པ”བྱེད་དུ་བཅུག་པ་དང་སྔོ་ཚོད་སྣ་ཚོགས་འཁྱེར་ནས་དཔུང་སྡེ་ཁག་ཏུ་བསྐྱོད་དེ་སྔོ་ཚོད་གང་ཞིག་ཟ་ཆོག་པ་དང་གང་ཞིག་ཟ་མི་ཆོག་པ་ཤོད་ཀྱི་ཡོད་པ་རེད།
         དམག་རྒྱག་གྲབས་གསོག་བྱེད་བཞིན་རིག་གནས་སྦྱོང་བ།
         རིང་མིན་གོང་དུ་ཐན་པའོ་རོང་བྲག་བོད་རིགས་ཐད་གཏོགས་ཧྲི་ཤོག་གི་ཆབ་སྲིད་པུའུ་རུ་གཞོན་ནུ་པུའི་པུའུ་ཀྲང་གི་འགན་ཁུར་བར་བཏང་བ་དང་། ཁོང་གི་ལས་འགན་གཙོ་ཆེ་ཤོས་ནི་དཔུང་སྡེར་གཟན་རྩྭ་དང་འབྲུ་རིགས་གྲབས་བསྡུ་བྱ་རྒྱུ་དེ་རེད། ཐན་པའོ་གནས་ཡུལ་དཔུང་སྡེ་དེས་ན་འདམ་ཐེངས་གསུམ་པ་མ་བརྒལ་གོང་གོང་རིམ་གྱིས་འཐབ་འཛིང་པ་ཚང་མར་འབྲུ་རིགས་རྒྱ་མ་15གྲ་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རོང་བྲག་ཏུ་འབྲུ་རིགས་ཐོན་འབབ་ཉུང་མོད། འོན་ཀྱང་བོད་རིགས་སྤུན་ཟླས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབྲུ་རིགས་འཚོལ་གྱི་ཡོད། དགོན་སྡེ་ཁ་ཤས་ཀྱིས་ལོ་མང་བསགས་པའི་འབྲུ་རིགས་དང་ཇ་ལོ་འཁྱེར་ཡོང་བ་དང་ཐན་པའོ་གྲྭ་བཙུན་བྱེད་མྱོང་བའི་དགོན་སྡེ་ཆུང་ངུ་དེས་ཀྱང་ནས་རྒྱ་མ་བརྒྱ་གྲངས་བསྡུས།
         ཐན་པའོ་འགོ་ཁྲིད་ལས་བྱེད་པ་བྱས་རྗེས་ཁོང་གིས་ཕྱོགས་གཅིག་ནས་དམག་རྒྱག་པ་དང་ཕྱོགས་གཞན་ཞིག་ནས་རིག་གནས་སྦྱངས། རིང་པོར་མ་ཐོགས་པར་ཁོང་གིས་བོད་རིགས་སྤུན་ཟླར་ཏང་དང་དམར་དམག་གི་དགོངས་དོན་དང་། མི་རིགས་སྲིད་ཇུས། རི་འགོག་རྒྱལ་སྐྱོབ་བཅས་ཀྱི་བྱེད་ཕྱོགས་དྲིལ་བསྒྲགས་བྱེད་ཐུབ་པ་དང་བར་ཐག་རིང་བའི་རྒྱང་སྐྱོད་ལམ་བུ་བསྐྱོད་ཟིན་རྗེས་ཐན་པའོ་ཡིས་རྒྱ་ཡིག་རྦད་དེ་ཁོང་དུ་ཆུད་ཐུབ་ཡོད།
         མའོ་ཙེ་ཏུང་གིས་ཐན་པའོ་ཞེས་མིང་བཏགས་གནང་བ།
         དམར་དམག་ཧྲའན་པེ་རུ་འབྱོར་རྗེས་ཐན་པའོ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་བྱེད་དུ་བསྐྱོད། ཐེངས་གཅིག་མའོ་ཙེ་ཏུང་གིས་ཏང་གི་སློབ་གྲྭར་སློབ་ཁྲིད་ཟིན་རྗེས་ཐན་པའོ་ལ“རང་གི་མིང་ལ་ག་རེ་ཟེར་གྱི་ཡོད”ཅེས་བཀའ་འདྲི་གནང་བར་ཐན་པའོ་ཡིས་སངས་རྒྱས་ཡེ་ཤེས་ཟེར་གྱི་ཡོད། མིང་དེ“སྤྲུལ་སྐུས་བཏགས་པ་ཡིན་པས་རྨོངས་དད་ཀྱི་རྣམ་པ་ཕྲན་བུ་ཡོད”ཅེས་ཞུས།
         མའོ་ཙེ་ཏུང་གིས་སྤྲོ་སྣང་ཆེན་པོའི་སྒོ་ནས་ཐན་པའོ་ལ“ངེད་ཚོ་རྒྱང་སྐྱོད་བྱེད་སྐབས་ཁྱེད་ཚོའི་ཕ་ཡུལ་དུ་སླེབས་མྱོང་ཡོད། དེ་གའི་བོད་རིགས་སྤུན་ཟླས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་ཕུལ་ཡོད། རྒྱ་རིགས་ཀྱི་གནའ་གཏམ་ཞིག་ནང་ཁྱེད་ཀྱི་མིང་ཡེ་ཤེས་ཞེས་པའི་ནང་དོན་དང་མཚུངས་པའི་ཐན་པའོ་ཞེས་པ་ཞིག་ཡོད་པས་ངས་ཁྱེད་ཀྱི་མིང་ལ་ཐན་པའོ་ཞེས་བཏགས་ན་གང་འདྲ་འདུག་གམ”ཅེས་གསུངས། དུས་དེ་ནས་བཟུང“ཐན་པའོ”ཞེས་པའི་མིང་དེ་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་ཡན་ཨན་དུ་ཁྱབ།
      

    ཕྱོགས་བསྡུས་གསར་འགྱུར།