འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་བཅུའི་རིང་གཙང་གསུམ་ཆུ་འགོར་མི་ཐབས་ཀྱིས་ཆར་པ་ཕབ་ནས་སྣོད་བཅུད་བཟང་
    དུ་འགྲོ་ཐབས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་25ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་མི་ཐབས་གནམ་གཤིས་འགྱུར་ལྡོག་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། གཙང་གསུམ་ཆུ་འགོར་ཆར་པ་ལོ་བཅུ་ཙམ་ཕབ་པའི་ནང་། ཐོག་མའི་ཐན་འགོག་གི་ཆར་པ་འབེབས་པ་ནས་རིམ་བཞིན་ཆུ་མཛོད་དུ་ཆུ་གསོག་པ་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བའི་བར་འགྱུར་ལྡོག་བྱུང་ཡོད།
          འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་གསུམ་གྱི་ཆུ་འགོར་ས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་3ལྷག་ཙམ་ཡོད་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ས་ཁྱོན་གྱི་ཕྱེད་ཀ་ཡན་བཟུང་བ་དང་། དེའི་སྣོད་བཅུད་ཁོར་ཡུག་གནས་སྟངས་ཀྱིས་ཀྲུང་གོ་དང་མཐའ་ན་ཨེ་ཤེ་ཡའི་གནམ་གཤིས་ལ་ཤུགས་རྐྱེན་ཆེན་པོ་ལྡན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། 2006ལོར་གཙང་གསུམ་ཆུ་འགོར་མི་ཐབས་ཀྱིས་ཆར་པ་འབེབས་པའི་འདུ་འགོད་ལག་ལེན་བསྟར་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་སྡེ་ཚན་གྱིས་ལོ་10བསྟུད་མར་བར་སྣང་གི་ཆུའི་ཐོན་ཁུངས་སྤྱོད་པ་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ། ས་ཁོངས་ཀྱི་ཆར་ཆུ་འབབ་ཚད་མང་དུ་གཏོང་བ་དམིགས་ཡུལ་དུ་བྱས་ཏེ་གཙང་གསུམ་ཆུ་འགོར་གནམ་གྲུ་གཏོང་བ་དང་ས་ངོས་ནས་མི་ཐབས་ལ་བརྟེན་ཏེ་ཆར་པ་འབེབས་པའི་ལས་ཀ་སྤེལ་ཡོད།
          ལོ་བཅུའི་རིང་། མི་ཐབས་ལ་བརྟེན་ནས་ཆར་པ་འབེབས་པའི་ཐབས་ལམ་མང་བ་དང་། འབེབས་ཡུལ་ཆེ་བ། དུས་ཡུན་རིང་བ་བཅས་ཡོང་བ་བྱས་ཏེ་ཆར་འབེབས་དུས་ཚོད་དཔྱིད་དུས་ནས་དུས་ཚིགས་མང་པོ་དང་ལོ་འཁོར་མོར་སྤེལ་བ་དང་། གཙང་གསུམ་ཆུ་འགོར་མེ་ཤུགས་འཕུར་མདའ་དང་། མཐོ་སྒྱོགས། འབར་ཐབ་འཛུགས་ས་180བར་མང་དུ་བཏང་ནས་ལས་ཀ་བྱ་ཡུལ་དང་ཆར་པ་འབེབས་ཡུལ་གྱི་གཞི་ཁྱོན་སྤྱིར་གཙང་གསུམ་ཆུ་འགོ་ཧྲིལ་པོར་ཁྱབ་པར་བྱས་ཡོད།
         བསྡོམས་རྩིས་ལ་གཞིགས་ན། 2006ལོ་ནས་2015ལོ་བར་མཚོ་སྔོན་ཞིང་ཆེན་གནམ་གཤིས་སྡེ་ཚན་གྱིས་གཙང་གསུམ་ཆུ་འགོར་ཆར་ཆུ་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་502.02མང་དུ་བཏང་བའི་ནང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཁུག་པའི་རྒྱུད་ལ་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་77.71མང་དུ་སོང་ཡོད།
          ཡིན་ནའང་། ད་བར་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་སོགས་ལ་གཏོང་རྒྱུར་འཚམ་པའི་ཆར་འབེབས་དང་ལྟ་ཞིབ་ཚོད་ལྟ་བྱེད་ནུས་ཆེ་བའི་གནམ་གྲུ་མེད། དེས་ན་དཀའ་ངལ་དེ་སེལ་ཆེད། ཉེ་ཆར་རྒྱལ་ཁབ་གནམ་གཤིས་ཅུས་ཀྱིས“གྲུ་གསར་ཨང་60རྟགས་ཅན”གྱི་གནམ་གྲུ་མཚོ་སྔོན་ལ་སྤྲད་པ་རེད།
          “གྲུ་གསར་ཨང་60རྟགས་ཅན”གྱི་གནམ་གྲུར་མི་ཐབས་ཀྱིས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ནུས་པ་ཆེ་བའི་ལས་སྟེགས་ཡོད་པ་མ་ཟད། སྤྲིན་རིམ་དངོས་ཁམས་ཕྲ་མཐོང་ལྟ་ཞིབ་དང་། སྤྲིན་རིམ་སྤྱི་ཁོག་བརྙན་སྟོན། སྐུལ་འགྱུར་རྫས་སྟོར་བྱེད། སྲུང་སྐར་འཕྲིན་གཏོང་བཅས་ཀྱི་མ་ལག་ཀྱང་ཡོད། དུས་ཚོད་རིང་ཤོས་ལ་ཆུ་ཚོད་6ཙམ་དང་ལམ་ཐག་རིང་ཤོས་ལ་སྤྱི་ལེ་1200ཙམ་གཏོང་ཆོག་གི་ཡོད།
           མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧྥེང་ཞས་ངོ་སྤྲོད་བྱས་དོན། རྒྱལ་ཁབ་ཀྱི་མི་ཐབས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གཏོང་བྱེད་ཀྱི་གནམ་གྲུ་བཏང་ནས་ཆར་འབེབས་དང་ཚན་རིག་ཚོད་ལྟ་བྱས་པས། ཆར་འབེབས་ཀྱི་ཕན་འབྲས་ཆེ་རུ་དང་ཚན་རིག་ཚོད་ལྟ་གནད་ལ་འཕིགས་ཚད་མཐོ་རུ་ཆེས་ཆེར་སོང་བ་རེད།
          ལོ་10ཡི་རིང་མི་ཐབས་ལ་བརྟེན་ནས་ཆར་པ་ཕབ་པའི་ནང་། གཙང་གསུམ་ཆུ་འགོའི་རྒྱུད་ལ་ཆར་ཆུ་འབེལ་དུ་སོང་ནས་མཚོ་མཚེའུ་དང་རྩྭ་ར་སོགས་ཀྱི་སྣོད་བཅུད་རིམ་བཞིན་ཡག་ཏུ་ཕྱིན་ཡོད། “གཙང་གསུམ་ཆུ་འགོར་མི་ཐབས་ཀྱིས་ཆར་པ་འབེབས་པའི་འདུ་འགོད་སྤེལ་བ་བརྒྱུད། སྣོད་བཅུད་ཀྱི་ཁོར་ཡུག་བཟང་དུ་དང་ཆུ་ཤུགས་ཆེ་རུ་ཕྱིན་ནས་ཆུ་འབེལ་དུ་སོང་བ་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཐུབ་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་མི་ཐབས་ལ་བརྟེན་ནས་ཆར་པ་འབེབས་པའི་ལས་དོན་འཕེལ་རྒྱས་རྒྱུན་སྲིང་ཐུབ་སྟེ་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད ”ཅེས་ལི་ཧྥེང་ཞས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།