འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་དབུ་ཚོགས་སྐབས་17པ་མཇུག་འགྲིལ་བ།

    འཛམ་གླིང་སྣ་མང་ཅན་གྱི་འཕེལ་རྒྱས་ཡོང་བར་མུ་མཐུད་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་དབུ་ཚོགས་སྐབས་17པ་ཝེ་ནེ་ཙུའེ་ལར་མཇུག་འགྲིལ་ཞིང་། དབུ་ཚོགས་ཐོག་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་ཕྱིན་ཆད་ལོ་གསུམ་གྱི་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པའི་《མ་ཀེ་ལི་ཐ་གླིང་ཕྲན་གྱི་བསྒྲགས་གཏམ་》ཞེས་པ་གྲོས་འཆམ་བྱུང་བ་རེད། རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་ཡིས་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་དེས་འཛམ་གླིང་སྣ་མང་དུ་འགྲོ་བ་དང་“བཙན་རྒྱལ་རིང་ལུགས་ཀྱི་ཤུགས་རྐྱེན་མེད་པ་བཟོ་བའི་”ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད།
         མ་ཏུའུ་ལུའོ་ཡིས་མཇུག་འགྲིལ་ཚོགས་འདུར་གཏམ་བཤད་སྤེལ་ནས། ཁོང་གིས་ཁོངས་མིའི་རྒྱལ་ཁབ་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དེང་གི་འཛམ་གླིང་གི་འགྲན་སློང་གསར་པར་ཁ་གཏད་བཅག་སྟེ་ལྷོ་ལྷོ་མཉམ་ལས་ལ་སྐུལ་མ་བཏང་ནས་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
         ཚོགས་འདུར་《མ་ཀེ་ལི་ཐ་གླིང་ཕྲན་གྱི་བསྒྲགས་གཏམ་》ལ་གྲོས་འཆམ་བྱུང་ཞིང་། དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དང་། ལྷོ་ལྷོ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱལ་སྤྱིའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་འཛུགས་རྒྱུ། རྒྱུན་སྲིང་འཕེལ་རྒྱས་གཏོང་རྒྱུ། འཇིགས་སྐུལ་རིང་ལུགས་སྣ་ཚོགས་ལ་རྡུང་རྡེག་གཏོང་རྒྱུ། ཕྱོགས་རྐྱང་པའི་ཆད་གཅོད་དང་ཐེ་ཇུས་ལ་ངོ་རྒོལ་བྱ་རྒྱུ། རྩོད་གླེང་སྣ་ཚོགས་ཞི་བའི་ངང་ཐག་གཅོད་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ། ཕ་ལེ་སི་ཐན་རྒྱལ་ཁབ་དང་ཕ་ལེ་སི་ཐན་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ། དབུས་ཤར་གྱི་སྐྱབས་བཅོལ་བའི་གནད་དོན་ཐག་གཅོད་བྱ་རྒྱུ། ཉིང་རྡུལ་མཚོན་ཆ་ཉུང་དུ་གཏོང་རྒྱུ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ། སློབ་གསོ་དང་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ནང་དོན་གཙོ་བོར་ཚུད་ཡོད།
         ལ་ཏིང་མེ་གླིང་གི་ཚོགས་ཞུགས་རྒྱལ་ཁབ་མང་ཆེ་བས་དབུ་ཚོགས་ཐོག་གཏམ་བཤད་སྤེལ་བའི་ནང་། ཨ་རིའི་ཐེ་ཇུས་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱི་བྱེད་སྤྱོད་ལ་ཁ་རྡུང་དྲག་པོ་བཏང་བ་དང་མགྲོན་བདག་རྒྱལ་ཁབ་ཝེ་ནེ་ཙུའེ་ལར་རྒྱབ་སྐྱོར་བྱ་རྒྱུའི་རྣམ་འགྱུར་བསྟན་པ་མ་ཟད། ཨ་རིས་ཝེ་ནེ་ཙུའེ་ལར་ཆད་གཅོད་ཀྱི་ཁྲིམས་བཟོས་པ་འཕྲལ་མར་མེད་པ་བཟོ་དགོས་པ་དང་ཁུ་པར་དཔལ་འབྱོར་བཀག་སྡོམ་བྱས་པ་ཡོངས་སུ་མེད་པ་བཟོ་དགོས་པའི་རེ་བའང་བཏོན་པ་རེད།
         ཨེ་ཤེ་ཡའི་རྒྱལ་ཁབ་མང་པོས་ཀྱང་དབུ་ཚོགས་ལ་ཁོངས་མིའི་རྒྱལ་ཁབ་དབར་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་འགན་ལེན་ཡོང་བ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། དབུས་ཤར་རྒྱལ་ཁབ་ཁག་གཅིག་གིས་ས་ཁུལ་གྱི་གདོང་ཐུག་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་གནད་དོན་ལ་དོ་སྣང་བྱ་ཚུལ་བསྟན་ཞིང་། སི་རི་ཡས་དབུ་ཚོགས་ཐོག་ཉེ་ཆར་ཨ་རིའི་དཔུང་སྡེས་སི་རི་ཡའི་སྲིད་གཞུང་དམག་ལ་འབར་མདེལ་དབྱུགས་ཏེ་མི་མང་པོ་ཤི་རྨས་ཀྱི་དོན་རྐྱེན་བཟོས་པར་ཁ་རྡུང་དྲག་པོ་བཏང་བ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མི་ཉུང་བས་ཀྱང་སྔ་ཙམ་ས་ཁུལ་ཞི་བདེ་བྱུང་ནས་དམག་འཁྲུག་གི་རྐྱེན་གྱིས་ཡུལ་གྱར་བ་མང་པོ་ཐོན་པའི་གནད་དོན་ཐག་གཅོད་ཡོང་བའི་རེ་བ་བྱེད་ཀྱི་ཡོད།
         གཞན་ཡང་། དབུ་ཚོགས་ལ་“རྒྱལ་ཁབ་དོན་བདུན་ཚོགས་པ་དང་ཀྲུང་གོས་” མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་མཉམ་ལས་སྤེལ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་ལྷོ་ལྷོ་མཉམ་ལས་ལ་མཉམ་དུ་སྐུལ་མ་གཏོང་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་དང་མཉམ་དུ་འཛམ་གླིང་སྣ་མང་གི་རྣམ་པ་ཆགས་རྒྱུ་དང་རྒྱུན་སྲིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུའི་རྣམ་འགྱུར་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།