འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཚོད་ལྟའི་ས་ཁུལ་དུ་དམའ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་
    བྱ་རྒྱུར་སྐུལ་འདེད་གཏོང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་920ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་ཚོད་ལྟའི་ས་ཁུལ་དུ་དམའ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་བྱ་རྒྱུར་སྐུལ་འདེད་བཏང་ནས་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་བྱ་རྒྱུ་དེ་སློབ་མས་དམའ་རིམ་སློབ་འབྲིང་གི་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་མ་བསྡུ་བའི་གཞི་འཛིན་ས་གཙོ་བོར་བརྩིས་ནས“རྒྱུགས་གཅིག་སྤྱོད་མང”མངོན་འགྱུར་ཐུབ་པ་བྱས་ཐོག་སློབ་མའི་རྒྱུགས་སྤྲོད་ཐེངས་མང་གི་གྲ་སྒྲིག་བྱེད་དགོས་པའི་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན་པ་རེད།
         “སྐར་གྲངས་ནི་མཐའ་དག་ལས་ལྷག་པ”དང“བློར་འཛིན་རྐྱང”“སྐར་སྣོན་ལུགས་མཐུན་མིན་པ”སོགས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཚེས་20ཉིན་སློབ་གསོ་པུས་《མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་རྒྱུགས་ལེན་དང་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ཡོངས་བསྒྲགས་བྱས་ནས་ཚོད་ལྟ་བྱ་ཡུལ་ས་ཁུལ་དུ་དམའ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་རྒྱུགས་ལེན་ཁྱབ་གདལ་དང་། སློབ་མའི་ཕྱོགས་བསྡུས་བྱང་ཚད་ཀྱི་གདེང་འཇོག་འཐུས་སྒོ་ཚང་དུ་གཏོང་བ། སློབ་བསྡུའི་བྱ་ཐབས་སྒྱུར་བཅོས། རང་བདག་སློབ་བསྡུའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུགས་ལེན་སློབ་བསྡུའི་དོ་དམ་ལ་ཤུགས་སྣོན་བཅས་རྒྱག་རྒྱུ་ཡིན་པ་ཁ་གསལ་བཟོས་པ་རེད།
         བསམ་འཆར་ནང་2020ལོའི་ཡས་མས་སུ་དམའ་རིམ་སློབ་འབྲིང་གི་རྒྱུགས་སྤྲོད་སྦྱངས་འབྲས་ལ་གཞིགས་པ་དང་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་དང་ཟུང་འབྲེལ་བྱེད་པའི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་རྒྱུགས་ལེན་དང་སློབ་བསྡུའི་དཔེ་དབྱིབས་རགས་ཙམ་ཆགས་པ་བྱེད་དགོས་པ་ཁ་གསལ་འཁོད་ཡོད།
         སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སི་གཉིས་པའི་སི་ཀྲང་ཀྲེན་ཧྥུའུ་ཀྲི་ཡིས“མཐོ་རིམ་སློབ་འབྲིང་དུ་སྐྱོད་པར་སློབ་མའི་སྦྱངས་འབྲས་གཅིག་པུར་གཞི་མི་འཛིན་པར། ད་དུང་སློབ་མའི་བསམ་བློ་ཀུན་སྤྱོད་དང་། ལུས་སེམས་བདེ་ཐང་། སྒྱུ་རྩལ་གྱི་སྦྱངས་ཚད་དང་སྤྱི་ཚོགས་ལག་ལེན་སོགས་ཐད་ཀྱི་གནས་ཚུལ་ལ་གཞི་འཛིན་ནས་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཕྱོགས་བསྡུས་གདེང་འཇོག་བྱས་ཏེ་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་བཤད།
         “ཡིག་རྒྱུགས་ནང་དོན་ནི་ངག་སྐྱོར་ཁོ་ན་གཏོང་བའི་ནང་དོན་ཉུང་དུ་གཏོང་རྒྱུ་ནན་བཤད་བྱས་ནས་སློབ་མའི་དབྱེ་ཞིབ་བྱེད་ནུས་དང་གནད་དོན་ཐག་གཅོད་བྱེད་ནུས་ཞིབ་བཤེར་བྱ་རྒྱུར་དོ་སྣང་བྱས་ཏེ་སློབ་མའི་གསར་གཏོད་སྙིང་སྟོབས་དང་ནུས་པའི་བྱང་ཚད་ཆེ་རུ་གཏོང་དགོས”ཞེས་ཀྲེན་ཧྥུའུ་ཀྲིས་བཤད།
         གཞན་ཡང་སྦྱངས་འབྲས་མཚོན་པའི་ཐད་བསམ་འཆར་ནང་སྐར་གྲངས་དང་རིམ་པ་སོགས་བྱེད་ཐབས་སྣ་མང་སྤྱོད་ཆོག་པ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས“རིམ་པ”བཟོ་རྒྱུའི་བླང་བྱ་བསྐྱར་བཤད་བྱས་ཏེ་སློབ་མའི་དབར་འགྲན་རྩོད་ཆེ་དྲགས་པའི་རྣམ་པ་མི་ཐོན་པ་བྱ་རྒྱུའི་བླང་བྱ་བཏོན་པ་རེད།
         ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱ་ཡུལ་གྱི་ནང་དོན་གཙོ་བོའི་ནང་ད་དུང་སློབ་བསྡུའི་སྐར་འགོད་སློབ་ཚན་གྱི་གྲུབ་ཆ་དང་། མི་སྒེར་སོ་སོའི་དབར་གྱི་ཧེ་བག་ལ་དོ་ཁུར། ཕྱོགས་བསྡུས་བྱང་ཚད་གདེང་འཇོག་གི་ནུས་པ་འདོན་སྤེལ་བཅས་ཚུད་ཡོད། “རྒྱ་ཡིག་དང་། ཨང་རྩིས། ཕྱི་རྒྱལ་སྐད་ཡིག་བཅས་གཅིག་གྱུར་ཡིག་རྒྱུགས་གཏོང་བའི་སློབ་ཚན་དུ་བརྩིས་པ་དང་ཆབས་ཅིག རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་གི་ཚན་ཁག་གཉིས་ཀར་ལྟ་བ་དང་ཁུར་པོ་ཚད་རན་པའི་རྩ་དོན་གཞིར་བཟུང་། ཚོད་ལྟའི་ས་ཁུལ་གྱིས་སློབ་བསྡུའི་སྐར་འགོད་སློབ་ཚན་གཞན་དག་གཏན་འཁེལ་བྱས་ནས་ཚོགས་སྤྱིའི་རང་བཞིན་གྱི་སློབ་ཚན་གདམ་ག་བྱེད་པ་དང་སློབ་མའི་ཁུར་པོ་ལྕི་རུ་གཏོང་རྒྱུར་བཀག་འགོག་བྱེད་དགོས”ཞེས་ཀྲེན་ཧྥུའུ་ཀྲིས་བཤད། དེ་མིན་ལུས་རྩལ་སློབ་ཚན་སློབ་བསྡུའི་སྐར་འགོད་སློབ་ཚན་ནང་བཅུག་ནས་རྒྱུགས་ལེན་གྱི་སྐར་མའམ་ཡང་ན་རིམ་པའི་བླང་བྱ་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱས་ཏེ་སློབ་མར་ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བསམ་འཆར་ནང་སྐར་མ་སྣོན་པའི་རྣམ་གྲངས་ཆེས་ཆེར་ཉུང་དུ་གཏོང་བ་དང་ཚོད་འཛིན་ནན་པོ་བྱས་ཏེ་ལུས་རྩལ་དང་སྒྱུ་རྩལ་སོགས་སློབ་མར་སྐར་མ་སྣོན་པའི་རྣམ་གྲངས་མེད་པ་བཟོ་རྒྱུ་དང་། འབྲེལ་ཡོད་དགེ་མཚན་དང་མཚོན་ཚུལ་སོགས་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་གི་ཡིག་ཚགས་ནང་འཇུག་རྒྱུ་ཡིན་པ་དང་། ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ས་གནས་དེ་གའི་སྐར་མ་སྣོན་པའི་རྣམ་གྲངས་དང་སྐར་གྲངས་གཙང་སེལ་དང་ཚད་ལྡན་དུ་བཏང་ནས་ལུགས་དང་མི་མཐུན་པའི་སྐར་མ་སྣོན་པའི་རྣམ་གྲངས་མེད་པ་བཟོ་དགོས་པ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་ས་གནས་ཀྱི་དངོས་ཡོད་སོར་འཇོག་གི་སྐར་མ་སྣོན་པའི་རྣམ་གྲངས་ལྟར་སྐར་མ་སྣོན་པའི་སྐར་གྲངས་ལ་ཚོད་འཛིན་ནན་པོ་བྱས་ནས་སློབ་མའི་སྐར་མ་སྣོན་པའི་ཐོབ་ཐང་ཞིབ་བཤེར་སྤྱི་བསྒྲགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།