འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་བོད་བྱང་ཐང་སྲུང་སྐྱོང་ཁུལ་གྱི་གཙོད་གནས་སྤོའི་བར་
    ཐག་དང་རིགས་ཁྱུའི་གྲངས་འབོར་གཏན་འཁེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱས་པར། དུས་ཡུན་ཟླ་གཅིག་ཙམ་གྱི“2016ལོའི་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཀྱི་མཉམ་འབྲེལ་ཚན་རིག་རྟོག་ཞིབ”བྱེད་སྒོའི་ནང་། ཚན་རིག་མཁས་ཅན་ཚོས་སྲུང་སྐྱོང་ཁུལ་གྱི་གཙོད་ཀྱི་རིགས་ཁྱུའི་གྲངས་འབོར་དང་གནས་སྤོའི་ལམ་ཐིག་གཏན་འཁེལ་བྱས་པ་དེས་འབྱུང་འགྱུར་གཙོད་ཀྱི་ཚན་ཞིབ་དང་སྲུང་སྐྱོང་ལས་དོན་ལ་དབང་གྲགས་ལྡན་པའི་ཆ་འཕྲིན་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
         འདི་ལོའི་གཙོད་ཀྱི་ཚན་རིག་རྟོག་ཞིབ་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་དང་། ནུབ་བྱང་སྟོངས་ཉེའི་སྲོག་ཚགས་ཞིབ་འཇུག་སུའོ། ཧྭ་ནན་སྟོངས་ཉེའི་སྲོག་ཆགས་ཞིབ་འཇུག་སུའོ་སོགས་སྡེ་ཚན་དང་སྒྲིག་གཞིས་མཉམ་འབྲེལ་ཐོག་ལེགས་སྒྲུབ་བྱས་པ་དང་། ཚན་རིག་མཁས་ཅན་གྱི་རྐང་རྗེས་བྱང་ཐང་སྲུང་སྐྱོང་ཁུལ་གྱི་ཚྭ་མེད་ཆུ་བོ་ནས་སེའུ་གངས་རི་རྒྱུད་ཀྱི་གཙོད“སྐྱེ་འཕེལ་བྱ་ཡུལ”དང་གཙོད་ཀྱི་གནས་སྤོའི་བགྲོད་ལམ་གཙོ་བོ་ཁག་གཅིག་ལ་བཞག་ཡོད།
         གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང་། གཙོ་བོ་བོད་དང་། མཚོ་སྔོན། ཤིན་ཅང་ནུབ་རྒྱུད་བཅས་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་80ལྷག་ཙམ་གྱི་གྲང་ངད་ཆེ་བའི་ཐང་རྒོད་དུ་ཁྱབ་ཡོད་པ་དང་དེའི་ནང་ཁྱབ་ཁོངས་80%བོད་བྱང་ཐང་སྲུང་སྐྱོང་ཁུལ་དུ་ཡོད།
         བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་བཀྲ་ཤིས་རྡོ་རྗེས། ད་ཐེངས་ཀྱི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་བྱེད་སྐབས་ཚན་རིག་རྟོག་ཞིབ་རུ་ཁག་གིས་2013ལོར་བྱང་ཐང་སྲུང་སྐྱོང་ཁུལ་དུ་གཙོད་ལ་བཏགས་པའི་སྲུང་སྐར་རྗེས་སྙེག་སྐེ་སྐོར་15ཡི་གྲངས་གཞིའི་ཆ་འཕྲིན་བསྡུ་རུབ་བྱས་པ་དང་འབྲེལ་ས་ཆ་དངོས་སུ་སྲུང་སྐྱོང་ཁུལ་གྱི་གཙོད་གནས་སྤོའི་ལམ་ཐིག་དང་། ངལ་གསོ་ཡུལ། གཙོད་ཕྲུག་སྐྱེ་ཡུལ་སོགས་ཀྱི་ཆ་འཕྲིན་ཞིབ་བསྡུར་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         ལྟ་ཞིབ་ཚད་འཇལ་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། བྱང་ཐང་སྲུང་སྐྱོང་ཁུལ་གྱི་སེའུ་གངས་རིའི་གཤམ་དུ་སྤྱི་ལེ་ངོས་གྲུ་50ནས་80བར་གྱི་གཙོད་ཕྲུག་སྐྱེ་ཡུལ་ཞིག་ཡོད་པ་ནི་གཙོད་ཀྱིས་མཚོ་བོད་ས་མཐོར་གཅིག་སྡུད་ངང་གཙོད་ཕྲུག་སྐྱེ་ཡུལ་ཆེ་ཤོས་རེད། གཞན་ཡང་། ལྷོ་བྱང་གཉིས་ཀྱི་བྱང་ཐང་གཙོད་གནས་སྤོ་བྱེད་པའི་ཐད་ཁྱད་པར་མངོན་གསལ་དོད་པོ་ཡོད་དེ། སྲུང་སྐྱོང་ཁུལ་བྱང་ངོས་ཀྱི་གཙོད་ཀྱི་གཙོད་ཕྲུག་སྐྱེ་བ་དང་གནས་སྤོའི་ལམ་ཐིག་ཧ་ཅང་རིང་བ་སྤྱི་ལེ་300ནས་400བར་ཡོད་ཅིང་། སྲུང་སྐྱོང་ཁུལ་ལྷོ་ངོས་ཀྱི་གཙོད་ཀྱི་གནས་སྤོའི་ལམ་ཐིག་ཅུང་ཐུང་བ་སྤྱི་ལེ་100ཙམ་ལས་མེད།
         གཞན་ཡང་། མཉམ་འབྲེལ་ཚན་རིག་རྟོག་ཞིབ་བརྒྱུད་རིམ་ནང་། ཚན་རིག་རྟོག་ཞིབ་རུ་ཁག་གིས་ད་དུང་མི་མེད་འཕྲུལ་ཆས་ཐོག་མར་སྤྱད་དེ་གཙོད་ལ་མཁའ་ཐོག་ཚད་འཇལ་བྱས་ནས་བྱང་ཐང་སྲུང་སྐྱོང་ཁུལ་གྱི་གཙོད་ཀྱི་གནས་སྤོ་དང་རིགས་ཁྱུའི་གྲངས་འབོར་གཏན་འཁེལ་བྱས་པ་རེད། རིགས་གཅིག་མཁས་ཅན་གྱིས་རགས་རྩིས་བརྒྱབ་པ་བརྒྱུད། བྱང་ཐང་སྲུང་སྐྱོང་ཁུལ་སེའུ་གངས་རིའི་གཤམ་གྱི་གཙོད་ཀྱི་གྲངས་འབོར་ཁྲི་15ལས་མང་བ་ཡོད་པའི་གཏན་འཁེལ་བྱས་ཡོད། ཡིན་ནའང་གནས་སྤོའི་གོམས་གཤིས་གཅིག་པ་མིན་པའི་གཙོད་དེ་དག་རིགས་ཁྱུ་གཅིག་པ་ཡིན་མིན་ཐད་ད་དུང་DNAམ་དཔེར་དབྱེ་ཞིབ་བྱས་ནས་དོགས་གནད་སེལ་དགོས་ཀྱི་ཡོད་ཅེས་བཤད།
         བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་གནས་ཤིང་། འཛམ་གླིང་གི་སྐམ་སའི་རང་བྱུང་སྲུང་སྐྱོང་ཁུལ་ཆེ་གྲས་གཉིས་པ་ཡིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་29.8ཟིན་ཡོད། ད་ཕན་ལོ་ཤས་རིང་། བོད་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོ་དང་གཉིས་པའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་40ལྷག་ཙམ་སླར་གསོ་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།