འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“དམངས་ཡོངས་བྱེད་པོ”གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་4པར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ས་ཚིགས་ཐོག་མ་དེ་མཚོ་སྔོན་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་བཙུགས་ནས“དམངས་ཡོངས་བྱེད་པོའི”སྣོད་བཅུད་སྲུང་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པ་རེད། ད་ཕན་ལོ་ཕྱེད་ནང་སྣོད་བཅུད་སྲུང་སྐྱོང་དང་བླངས་པ་དང་དམངས་ཁྲོད་མི་སྣ་སྔར་བས་མང་བ་ཐོན་ཏེ་ཡུལ་དེའི་འབྲོག་པ་དང་ཐུན་མོང་ཐོག་སྣོད་བཅུད་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞུགས་ནས།“གཙང་ཆུ་ཤར་དུ་རྒྱུག”ཅེས་པར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
         གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་པས་ཀུན་གྱིས་ཨེ་ཤེ་ཡའི་ཆེས་གལ་ཆེ་བའི་ཆུ་ཁུངས་གསོ་འཁྱོངས་ཁུལ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དུ་ངོས་འཛིན་བྱེད་ཅིང་། དུས་རབས་གོང་མའི་དུས་མཇུག་ཏུ་ས་ཁུལ་དེའི་སྣོད་བཅུད་ལ་མི་ཕྱུགས་ཀྱི་གཏོར་སྐྱོན་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱུ་རྐྱེན་དབང་གིས་ཞན་དུ་སོང་བ་སྟེ། རང་བྱུང་རྩྭ་རའི་རྒྱ་ཁྱོན་ཆུང་དུ་སོང་བ་དང་གཙང་པོ་དང་མཚེའུ་ཡི་ཆུ་རྒྱུན་རིམ་གྱིས་སྐམ་གྱི་ཡོད། 2005ལོར་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་རང་རྒྱལ་གྱིས་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་བསྐྲུན་ཏེ། མི་ཐབས་ལ་བརྟེན་ནས་འཕྲལ་སྡོམ་རྣམ་པའི་སྲུང་སྐྱོང་ལས་དོན་སྤེལ་བ་རེད།
         ཉེ་དུས་རྨ་ཆུའི་ཆུ་འགོར་གནས་པའི་མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཤང་ཁྲ་ཙེ་གྲོང་ཚོ་ནས་གསར་འགོད་པས་གྲོང་གསེབ་ཀྱི་འགྲོ་ལམ་དུ་འབྲོག་པ་བཅུ་གྲངས་ཀྱིས་སྦག་སྦག་དལ་གྱིས་གཏོང་ཞིང་། རྒྱབ་ཏུ་གད་སྙིགས་འགྱིག་དམ་བྱུར་བུར་བླུགས་པའི་རྩྭ་རས་འཁྱེར་ཡོད་པ་མཐོང་། མཚོ་སྐྱ་རེངས་ཤང་གི་ཤང་ཀྲང་བློ་བཟང་གིས་གསར་འགོད་པར་མིག་སྔར་ཤང་དེའི་གྲོང་ཚོ་6ཏུ་སྣོད་བཅུད་སྐོར་ཞིབ་སྲུང་སྐྱོང་རུ་ཁག་བཙུགས་པར་མི་གྲངས་200ལས་ལྷག་ཙམ་ཡོད། ཁོང་ཚོའི་འགན་འཁྲི་ནི་ཁོར་ཡུག་གཙང་མ་བཟོ་བ་དང་། ཉིན་ཐོ་འགོད་པ། ཁྲིམས་འགལ་རིགས་ལ་ལྟ་སྐུལ་བྱེད་པ་སོགས་རེད། མི་རེར་ཟླ་རེར་གླ་ཕོགས་སྒོར་1800སྤྲོད་ཀྱི་ཡོད་ཅེས་བཤད།
         “ཡུལ་དེའི་འབྲོག་པའི་ཧུར་བརྩོན་རང་བཞིན་ཆེ་ཞིང་། རང་འགུལ་ངང་སྦག་སྦག་ལྔ་བཅུ་ལྷག་ཙམ་དང་། རླངས་འཁོར་བཅུ་ལྷག་ཙམ། རྟ་བཅུ་ལྷག་ཙམ་བཅས་སྤྲད་པའི་ནང་ཁག་གཅིག་གསར་པ་རེད་འདུག ཁོང་ཚོས་ད་དུང་སྐད་འཕྲིན་ཚོགས་པ་བཙུགས་ནས་གནས་ཚུལ་བརྒྱུད་སྤེལ་དང་། ཉམས་མྱོང་སྤེལ་རེས། ཐོལ་བྱུང་སྣོད་བཅུད་ཁྲིམས་འགལ་དོན་རྐྱེན་ལ་ཁ་གཏད་གཅོག་པ་སོགས་བྱེད་ཀྱི་ཡོད” བློ་བཟང་གིས་ལོ་ཕྱེད་རིང་འབྲོག་པའི་སྣོད་བཅུད་དོ་དམ་སྲུང་སྐྱོང་པས་རྨས་སྐྱོན་ཕོག་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་མི་ཉུང་བ་ཞིག་སྨན་བཅོས་བྱེད་པར་བསྐྱལ་བ་དང་། རྩྭ་ཐང་གི་མེ་སྐྱོན་མཆེད་རྒྱུར་བདེ་བླག་ངང་བཀག་འགོག་ཐེངས་གཅིག་བྱས་པ། མཚོ་སྐྱ་རེངས་ཉེ་འགྲམ་གྱི་གད་སྙིགས་གཙང་བཟོ་བཅས་བྱས་ཡོད་ཅེས་བཤད།
         “སྤྱི་ཚོགས་སྟོབས་ཤུགས་སྣོད་བཅུད་སྲུང་སྐྱོང་ནང་རྒྱ་ཁྱབ་ཏུ་ཞུགས་པར་ཕན་འབྲས་རིམ་གྱིས་མངོན་གསལ་དོད་དུ་ཕྱིན་ཞིང་། སྤྱི་གླིང་ཚོད་ལྟའི་ས་ཚིགས་བཙུགས་ཚུན་འབྲོག་པ་7421སྣོད་བཅུད་སྲུང་སྐྱོང་དཔུང་ཁག་ལ་ཞུགས་ཡོད”ལི་ཞའོ་ནན་གྱིས་འབྲོག་པའི་ཧུར་སེམས་འཕེལ་བ་བྱེད་པ་དང་ཆབས་ཅིག སྤྱི་གླིང་གིས་ད་དུང་སྤྱི་ཚོགས་སྟོབས་ཤུགས་འབྲེལ་ཡོད་ཀྱི་ཚན་ཞིབ་དང་སྲུང་སྐྱོང་རྣམ་གྲངས་ལ་ཞུགས་རྒྱུར་སྐུལ་ལྕག་ཀྱང་བྱེད་ཀྱི་ཡོད་ཅེས་བཤད།
         ཟླ་བརྒྱད་པར་རྫ་ཆུའི་ཆུ་འགོར་གནས་པའི་མཚོ་སྔོན་རྫ་སྟོད་རྫོང་གིས་སྒོ་འབྱེད་རྣམ་པའི་རང་བྱུང་ལྟ་ཞིབ་དུས་ཆེན་ཐོག་མ་དེ་གཉེར་རིང་། ས་གནས་ཁག་གི་མཁས་དབང་དང་དེ་བཞིན་དམངས་ཁྲོད་སྣོད་བཅུད་སྲུང་སྐྱོང་མི་སྣས་མཚོ་བོད་ས་མཐོར་འཚོ་གནས་བྱེད་པའི་རི་དྭགས་ཀྱི་རིགས་10དང་། འདབ་ཆགས་ཀྱི་རིགས་61 རྩི་ཤིང་གི་རིགས་93བཅས་ཤེས་རྟོགས་བྱུང་ཁར། སྐྱེ་དངོས་རིགས་མི་ཉུང་བ་ཞིག་ལ་ཆ་ཚང་བའི་ཞིབ་འཇུག་དང་ཟིན་ཐོ་ཐོག་མར་བཀོད་ཡོད། མི་ཁག་གཅིག་གིས་ལག་ཐོགས་ཁ་པར་སྤྱད་དེ་བར་ཐག་སྨི་300མ་ཟིན་པའི་ས་ནས་གསའ་ཡི་མ་བུའི་བརྩེ་སེམས་བརྒྱུད་སྤྲོད་བྱེད་སྟངས་པར་ལེན་བྱས་པ་དང་། བརྙན་ལམ་ཕབ་བཟོ་དུས་ཡུན་ཆུ་ཚོད་2ཙམ་ཟིན་པས་ཚན་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད།
         རྫ་སྟོད་རྫོང་གནས་མདོ་གྲོང་ཚོར་སྲིད་གཞུང་སྡེ་ཚན་གྱིས་སྲིད་གཞུང་མིན་པའི་རྩ་འཛུགས་དང་མཉམ་ལས་བྱ་རྒྱུའི་ཚོད་ལྟ་བྱས་ཤིང་། མ་དངུལ་མཉམ་བསྡུའི་ཐོག་ནས“མི་དང་གཅན་གཟན་དབར་གྱི་འགལ་བ་འགན་བཅོལ་ཐེབས་རྩ”བཙུགས་ཏེ་ཕྱུགས་རིགས་ལ་སོ་བརྒྱབ་ནས་ཤི་བའི“དོན་རྐྱེན”ཐོན་ཚེ་འབྲོག་པའི་གྱོང་གུན་ཁ་གསབ་བྱེད་ཀྱི་ཡོད།
         གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྣོད་བཅུད་སྲུང་སྐྱོང་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཧྥེང་ཁྲེན་གྱིས་ཁོང་ཚོས་ས་གནས་ཁག་གི་ཁེ་ལས་སྤྱི་གླིང་སྣོད་བཅུད་སྲུང་སྐྱོང་ལ་ཞུགས་རྒྱུའི་སྐུལ་ལྕག་བྱས་ཁར། དྲིན་གསོ་བའི་རྣམ་པའི་ཐོག་ནས་གླིང་ཁུལ་དུ་སྐྱེ་ལྡན་ཞིང་འབྲོག་དང་སྣོད་བཅུད་ཡུལ་སྐོར་སོགས་ལྗང་མདོག་ཐོན་ལས་འོས་འཚམ་ངང་གཉེར་སྐྱོང་བྱེད་ཆོག་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།