འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྣུམ་ཚོན་རི་མོ་སྦྱང་རྒྱུའི་ཕུགས་བསམ་འགྲུབ་པ། 

    བོད་རིགས་གཞོན་ནུ་དྲ་ཐོག་ཏུ་སྐད་གྲགས་ཆེ་བའི་མི་སྣར་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་28ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ངའི་ཕུགས་བསམ་ནི་རི་མོ་སྦྱངས་རྗེས་མཚོ་སྔོན་དུ་ལོག་ནས་བོད་རིགས་ཕྲུ་གུ་སྔར་བས་མང་པོར་སྣུམ་ཚོན་རི་མོ་བསླབ་རྒྱུ་དེ་ཡིན”ཞེས་རང་ཉིད་ཀྱི་ཕུགས་བསམ་སྐོར་གླེང་སྐབས་བོད་རིགས་གཞོན་ནུ་རྟ་མགྲིན་ཚུལ་ཁྲིམས་ཀྱི་ངོ་གདོང་ནས་ཕུགས་ལ་རེ་བ་ཆེན་པོ་བཅོལ་བ་མངོན།
         འདི་ལོ་ལོ་25ལ་སླེབས་པའི་རྟ་མགྲིན་ཚུལ་ཁྲིམས་ནི་མཚོ་སྔོན་ཡུལ་ཤུལ་ནས་ཡིན་ཞིང་། ཁོང་གིས་ནུབ་རྒྱུད་རྩྭ་ཐང་ནས་ཤར་རྒྱུད་གནའ་བོའི་གྲོང་ཚོར་ཡོང་དོན་ནི་རང་ཉིད་ཀྱི“སྣུམ་ཚོན་རི་མོའི་ཕུགས་བསམ”སྒྲུབ་ཆེད་རེད།
         ཆུང་བྱིས་པའི་དུས་ནས་སྣུམ་ཚོན་རི་མོ་འབྲི་རྒྱུར་དགའ་བའི་རྟ་མགྲིན་ཚུལ་ཁྲིམས་ལ་ཕ་ཡུལ་ནས་སྣུམ་ཚོན་རི་མོའི་དགེ་རྒན་ཡག་པོ་ཞིག་འཕྲད་མེད་སྟབས་ཕུགས་བསམ་གནས་སྐབས་འགྲུབ་མེད། 2014ལོར་གྲོགས་པོས་ངོ་སྤྲོད་བྱས་པ་བརྒྱུད། རྟ་མགྲིན་ཚུལ་ཁྲིམས་ཀྱིས་ད་ཆའི་སྣུམ་མཚོན་དགེ་རྒན་ཆེ་མོ་བ་ལིན་ཀྲེང་ལུའུ་ངོ་ཤེས།
         2010ལོར་མཚོ་སྔོན་ཡུལ་ཤུལ་ལ་ས་ཡོམ་བརྒྱབ་རྗེས་པེ་ཅིང་གི་དགེ་སྒྲུབ་སྒྲིག་གཞི་ཁག་གཅིག་གིས་མཚོ་སྔོན་དུ་རོགས་སྐྱོར་བྱ་སྤྱོད་སྤེལ་ཞིང་། དུས་ཡུན་རིང་པོར་སྤྱི་ཕན་སློབ་ཁྲིད་ལས་ལ་ཞུགས་པའི་ལིན་ཀྲེང་ལུའུ་ཡིས་དགེ་སྒྲུབ་སྒྲིག་གཞི་དང་གྲོས་བསྡུར་བྱས་པ་བརྒྱུད། 2012ལོ་ནས་བཟུང་ལོ་ལྟར་འཚོ་བའི་ཆ་རྐྱེན་ཞན་པའི་ཕྲུ་གུ་ལྔ་དྲུག་དགེ་ཕྲུག་ཏུ་ཉར་རྒྱུའི་ཐག་བཅད། གོ་སྐབས་དེ་འདྲའི་འོག 2015ལོའི་ལོ་མཇུག་ནས་བཟུང་གཡང་སྐྱིད་རྒྱལ་གྱིས་ཀྱང་ལིན་ཀྲེང་ལུའུ་དགེ་རྒན་དུ་བསྟེན་ནས་རྟ་མགྲིན་ཚུལ་ཁྲིམས་དང་ལྷན་དུ་སྣུམ་ཚོན་རི་མོ་སྦྱོང་འགོ་བཙུགས།
         ཧྲང་ཧའེ་སྒྱུ་རྩལ་སློབ་གསོ་སྒྲིག་གཞིའི་འགན་འཁུར་བ་ཞིག་ཡིན་པའི་ལིན་ཀྲེང་ལུའུ་ཡིས“མི་ཚང་མ་སྒྱུ་རྩལ་མཁས་པ་ཡིན”ཞེས་པའི་སྣུམ་ཚོན་རི་མོའི་སྤྱི་ཕན་སློབ་ཁྲིད་ཀྱི་ལས་སུ་ལོ་མང་ཞུགས། 2015ལོའི་ཟླ་བཞི་པའི་ཟླ་འགོར་ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ཅིས་ཤ་གནའ་བོའི་གྲོང་ཚོར་བསྐྱོད་ནས“ཞིང་པ་རི་མོ་བ”སྐྱེད་སྲིང་བྱེད་འགོ་བརྩམས། རིག་གནས་ལ་བརྟེན་ནས་ཐོན་ལས་གསར་གཏོད་བྱེད་སྟངས་གནའ་བོའི་གྲོང་ཚོར་དར་ཁྱབ་བཏང་བ་དང་ཆབས་ཅིག གྲོང་མིའི་རིག་གནས་ཀྱི་གདེང་ཚོད་འཕེལ་བར་བྱས་ཏེ་གནའ་བོའི་གྲོང་ཚོ་བསྐྱར་དར་ཡོང་རྒྱུའི་འདུན་པ་ཆེན་པོ་བཅངས།
         སྣུམ་ཚོན་རི་མོ་སྦྱངས་ནས་ཟླ་བ་བདུན་བརྒྱད་ལས་སོང་མེད་པའི་གཡང་སྐྱིད་རྒྱལ་ནི་གཞན་ལས་ལྷན་སྐྱེས་ཤེས་སྟོབས་རྒྱས་པའི་མི་ཞིག་རེད་ལ་དྲ་ཐོག་ཏུའང་སྐད་གྲགས་ཅུང་ཆེན་པོ་ཡོད་ལ། ལིན་ཀྲེང་ལུའུ་ཡིས་གཡང་སྐྱིད་རྒྱལ་གྱི་སྣུམ་ཚོན་རི་མོ་ཞིག་ལ་མཛུབ་མོ་བཙུགས་ཏེ“རི་མོ་དེ་དྲ་རྒྱའི་ཐོག་བསྟན་མ་ཐག་དྲ་གྲོགས་མང་པོས་ཀྲུང་གོའི་འབུར་ཐོན་རིང་ལུགས་ཀྱི་སྣུམ་ཚོན་རི་མོ་མཁས་ཅན་ལེང་ཅུན་གྱི་བརྩམས་བྱ་དང་ཕན་ཚུན་བསྡུར་བ་དང་འབྲེལ། དྲ་གྲོགས་ཚོས་དེའི་སྐོར་གཏམ་གླེང་མང་པོའང་བྱས་ཡོད”ཅེས་བཤད།
         རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་ཤེས་པའི་རྟ་མགྲིན་ཚུལ་ཁྲིམས་ཀྱིས་ད་ལྟ་ཟླ་བ་གཅིག་ལ་སྣུམ་ཚོན་རི་མོ་བཅུ་གྲངས་བྲིན་པར་ཆ་སྙོམས་རི་མོ་རེར་སྒོར་སུམ་བརྒྱ་བཞི་བརྒྱ་རག་གི་འདུག་ཅེས་བཤད།
         “སྒྱུ་རྩལ་ལས་ཕྲུ་གུ་དེ་དག་འབྲོག་པ་དཀྱུས་མ་ཞིག་ནས་རིག་གནས་པ་ཞིག་ལ་གྱུར་ཡོད”ཅེས་རང་ཉིད་ཀྱི་དགེ་ཕྲུག་ལ་ལྟ་གིན་དགའ་ཞིང་བློ་བདེ་བའི་ངང་ལིན་ཀྲེང་ལུའུ་ཡིས“ཁོང་ཚོ་དབུལ་སྒྲོལ་བྱུང་བ་མ་ཟད། ད་དུང་རིག་གནས་སྒྱུ་རྩལ་ཐད་ལེགས་སྐྱེས་ཕུལ་མཁན་ཞིག་ཏུའང་གྱུར་ཡོད”ཅེས་བཤད།
         མིག་སྔའི་བར་ལིན་ཀྲེང་ལུའུ་ཡིས་བོད་རིགས་སློབ་མ་20ལྷག་ཙམ་སྔ་རྗེས་སུ་གསོ་སྐྱོང་བྱས་ཤིང་། ལག་རྩལ་སྦྱངས་རྗེས་སློབ་མ་དེ་དག་ཁྲོད་ཀྱི་ལ་ལ་སློབ་གྲྭ་ཆེན་པོར་མུ་མཐུད་ཟབ་སྦྱོང་བྱེད་པར་བསྐྱོད་པ་དང་ལ་ལ་ཆེད་ལས་སྒྱུ་རྩལ་པར་གྱུར་པ་རེད། ལིན་ཀྲེང་ལུའུ་ཡིས་སྤྱི་ཕན་སློབ་ཁྲིད་དེ་འདྲ་མུ་མཐུད་བྱས་ཏེ་བོད་རིགས་ཕྲུ་གུ་ཚོར་ཁོང་ཚོའི“སྣུམ་ཚོན་རི་མོའི་ཕུགས་བསམ”སྒྲུབ་རོགས་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།