འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་གྲོང་ཁྱེར་ལ་ཚོན་མདངས་སྣོན་མཁན་ཕྱིར་སྡོད་ཀྲུང་གོའི་རྒྱུད་པའི་སྒྱུ་རྩལ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་28ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དུས་སང་སྟོན་ཁར། ཧྥ་རན་སེའི་གྲོང་ཁྱེར་ཆེ་གྲས་ཨང་གཉིས་པ་ལི་ཨང་གི་རླངས་འཁོར་འཇོག་ཁང་རྙིང་ཤོས་དེ་རྣམ་པ་གསར་པར་འགྱུར་རྒྱུ་རེད། 1969ལོར་བསྐྲུན་པའི་ཟས་རིགས་ཁྲོམ་རའི་རླངས་འཁོར་འཇོག་ཁང་གི་སྟེང་ཐོག་དེ་སྒྱུ་རྩལ་གྱི་རྣམ་པས་ཕྱུག་པའི་ཐོག་མེད་ཀོག་ཧྥེ་ཁང་ཞིག་ཏུ་འགྱུར་རྒྱུ་ཡིན་པ་དེར། གྲོང་མིའི་རྒྱུན་གཏན་གྱི་འཚོ་བའི་ནང་སྒྱུ་རྩལ་མཉམ་བསྲེས་ཐུབ་རྒྱུ་ཡིན་པ་རེད། སྒྱུར་བཀོད་འཆར་གཞི་དེའི་འཆར་འགོད་པ་ནི་ཧྥ་རན་སེའི་ཕྱིར་སྡོད་ཀྲུང་གོའི་རྒྱུད་པའི་སྒྱུ་རྩལ་པ་ཀྲེན་མོང་ཀྲེ་ཡིན་པ་རེད།
         འདི་ལོའི་ཟླ་6པའི་ཟླ་འགོར། འདེམས་འགུགས་ཐབས་ཇུས་བཞིའི་ཁྲོད་ནས་ཀྲེན་མོང་ཀྲེའི་འཆར་འགོད་ཐབས་ཇུས་འབུར་དུ་ཐོན་ཏེ། རླངས་འཁོར་འཇོག་ཁང་ཚོང་གཉེར་དང་སྒྱུར་བཀོད་བྱེད་མཁན་ཀུང་སིས་བདམས་པ་རེད།
         འདི་ལོ་ལོ་32ལ་སོན་པའི་ཀྲེན་མོང་ཀྲེ་ལོ་7ལ་སོན་སྐབས། ཕ་མ་དང་མཉམ་དུ་ཀྲེ་ཅང་དབུན་ཀྲོའུ་ནས་ཧྥ་རན་སེར་གནས་སྤོ་བྱས་ཤིང་། ཀྲེན་མོང་ཀྲེ་ཡི་སྒྱུ་རྩལ་ལམ་བུ་དེ་བདེ་ལམ་ཞིག་མིན་པར། ཁོང་གིས“ངའི་ཕ་མ་གཉིས་ཀྱི་དུས་རབས་སུ་ཕྱིར་སྡོད་ཀྲུང་གོ་བའི་གནས་སྤོས་ཡུལ་མི་ཚང་མས་རང་ཉིད་ཀྱི་བུ་ཕྲུག་ཚོང་པའམ་ཁྲིམས་རྩོད་པ་ཆགས་ན་བསམ་པ་ལས། སྒྱུ་རྩལ་དོན་གཉེར་བྱེད་མཁན་ལ་མདུན་ལམ་དེ་ཙམ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བཤད།
         2006ལོར། ཀྲེན་མོང་ཀྲེ་ཡིས་རང་ཉིད་ཀྱིས་སྦྱོང་བའི་ངོས་སྙོམས་འཆར་འགོད་ཆེད་ལས་ཀྱིས“འཆར་འགོད་དང་སྒྱུ་རྩལ་གྱི་མཚོན་པའི་དོན་གཉེར”གྱི་དགོས་མཁོ་སྐོང་ཐབས་བྲལ་བའི་བསམ་བློ་འཁོར་ནས། ཧྥ་རན་སེའི་ཨར་སུང་གཞུང་བཙུགས་མཐོ་རིམ་སྒྱུ་རྩལ་སློབ་གླིང་དུ་སློབ་གྲྭ་བསྒྱུར། སློབ་གྲྭ་ཐོན་རྗེས། ལྟོ་གོས་འཚོ་ཐབས་དབང་གིས་ཁོང་ལི་ཨང་གི་སྤྱི་པའི་འབྲེལ་བའི་ཀུང་སི་ཞིག་ཏུ་ལས་ཀ་ལོ་གཉིས་ཙམ་བྱས། འོན་ཀྱང་། “སྒྱུ་རྩལ་དང་བར་ཐག་ཇེ་རིང་དུ་འགྲོ་བའི་སྣང་བ་བྱུང་ནས། ལས་མཚམས་དགོངས་ཞུ་བྱས་ཏེ་སྒྱུ་རྩལ་འཆར་འགོད་ལས་ལ་རྩེ་གཅིག་ཏུ་གཞོལ་འགོ་བརྩམས”
         “ངའི་མི་ཚེའི་ཁྲོད་སྒྱུ་རྩལ་སློབ་སྦྱོང་དང་ལས་མཚམས་དགོངས་ཞུ་གཉིས་ཐག་གཅོད་གལ་ཆེན་གཉིས་ཡིན། མདུན་ལམ་མེད་ཀྱང་ང་རང་སྐྲག་གི་མི་འདུག ངས་འབད་བརྩོན་ལྷོད་མེད་དང་དོན་གཉེར་ཚད་མེད་བྱས་ཏེ། འབྱུང་འགྱུར་གང་ཡོང་མིན་གྱི་སེམས་ཁྲལ་དེ་སེལ་ཐབས་བྱས་པ་ཡིན”ཞེས་ཤོད་ཀྱི་འདུག
         2007ལོར། ཀྲེན་མོང་ཀྲེ་ཡིས་ཀྲུང་གོར་ཕྱིར་ལོག་ནས“ཕ་ཡུལ་གྱི་ད་ཆའི་རྣམ་པར་བལྟ་རྒྱུའི”བློ་ཐག་བཅད། འོན་ཀྱང་། བསམ་ཡུལ་ལས་འདས་པར། ཕ་ཡུལ་དུ་ལོག་པའི་འགྲུལ་བཞུད་དེས་ཁོང་གི་སྒྱུ་རྩལ་འགྲུལ་བཞུད་ཀྱི་འགོ་བརྩམས། ཁོང་སྐྱེས་སའི་གྲོང་ཁྱེར་དང་གྲོང་རྡལ་གང་སར་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ནས“ཕ་ཡུལ་ནས་ཁ་བྲལ་དུས་མཁར་ཆེན་མཐོང་རྒྱུ་མེད་མོད། ད་ཆ་ས་ཕྱོགས་གང་སར་ཁང་བཟང་གི་སྟར་ཕྲེང་སྒྲིག་པ་ལྟར་དུ་སྣང”ཞེས་ཀྲུང་གོའི་གྲོང་ཁྱེར་གྱི་འཕོ་འགྱུར་དང་གྲོང་མིའི་སྡོད་ཁང་གི་འགྱུར་ལྡོག་ལས་ཀྲེན་མོང་ཀྲེར་དགའ་སྣང་གི་བསམ་པ་ཆེན་པོ་ཞིག་སྐྱེས།
         ཕ་ཡུལ་དུ་ལོག་ཐེངས་དེའི་སྐོར་གླེང་སྐབས། ཀྲེན་མོང་ཀྲེ་སེམས་འགུལ་ཆེན་པོ་ཐེབས་བཞིན“མདུན་ལམ་རབ་རིབ་ཏུ་འགྱུར་སྐབས། ང་རང་སྐྱེས་ཡུལ་དུ་ལོག་པ་ཡིན། གནས་དེ་ནས་ང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་རྙེད་བྱུང་ལ། འདས་པར་དྲན་གསོ་བྱས་ཚེ། གཞི་ནས་དེ་བས་ལེགས་པའི་སྒོ་ནས་མ་འོངས་ལ་ཁ་ཕྱོགས་ཐུབ”ཅེས་བཤད།
         སྒྱུ་རྩལ་བརྩམས་ཆོས་ལས་སྒྱུ་རྩལ་པའི་མི་ཚེའི་མྱོང་རིམ་དང་མྱོང་ཚོར་མཚོན་ཞིང་། ཀྲེན་མོང་ཀྲེ་ཡི་བརྩམས་ཆོས་ནང“མཆོང་སྐྱོད”ནི་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་བརྗོད་བྱ་དེ་རེད།
         ད་ཆ། ཀྲེན་མོང་ཀྲེ་ལས་རིགས་དེའི་ཁོངས་གཏོགས་སུ་རྩལ་ལག་ཡང་པོར་ངོམ་བཞིན་ཡོད་པ་དང་། 2014ལོར་ཁོང་གིས་འཆར་འགོད་བྱས་པའི་སྒྲིག་སྦྱོར་བྱེད་པའི་སྒྱུ་རྩལ་བརྩམས་ཆོས་ཆེ་གྲས་ཧྥ་རན་སེའི་གློག་བགོད་ཀུང་སིས་ཉོས་ཐོག ཡུན་རིང་གི་སྒྲིག་བཀོད་ལ་བརྩིས་ནས་ཕ་རི་སི་ལཱ་ཏེ་ཧྥང་སི་ཚོང་ལས་ལྟེ་གནས་སུ་ཡོད་པའི་ཀུང་སིའི་གཞུང་དོན་མཁར་ཆེན་དུ་བཞག་ཡོད་པ་རེད། 2015ལོར། ལི་ཨང་དེང་རབས་སྒྱུ་རྩལ་གྱི་ཆ་ལོའི་འགྲེམས་སྟོན་ཐོག་ཀྲེན་མོང་ཀྲེ་ཡིས་ཤོག་སྒམ་དང་། རྒྱུག་པ། ཤོག་ལྷེ་བཅས་ཀྱིས་བརྒྱབ་པའི་ཁང་པའི་འདྲ་བཟོར་གདེང་འཇོག་བཟང་པོ་ཐོབ་པ་རེད།
         “སྒྱུ་རྩལ་ལམ་བུར་ལྐོག་འགྱུར་གྱི་གནས་མང་བས། གྲུབ་འབྲས་མི་དམན་པ་ཐོབ་ཡོད་ཀྱང་ཕྱོགས་གང་དུ་སྐྱོད་དགོས་མིན་ང་རང་གིས་ཀྱང་ཤེས་ཐབས་མེད་པར། སྒྱུ་རྩལ་ལམ་བུར་འབད་པས་འཇུག་དགོས་པ་དེ་ཁོ་ན་ངས་ཤེས་ཀྱི་འདུག”ཅེས་ཀྲེན་མོང་ཀྲེ་ལ་ཕ་ཡུལ་ནས་རིག་པ་རྙེད་པ་དང་། ནམ་ཞིག་ཕ་ཡུལ་དུ་ལོག་ནས་རང་ཉིད་ཀྱི་སྒྱུ་རྩལ་འདུ་ཤེས་དང་བརྩམས་ཆོས་བཤམས་ནས། མི་ཚོས“མཆོང་སྐྱོད”ཤེས་སུ་འཇུག་འདོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།