འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་དཀར་ཆུའི་ཐོན་རྫས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་28ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨུ་རུ་སུའི་ཙུང་ལི་མེ་ཏེ་ཝེ་ཅེ་ཕུའུ་ཡིས“ཨུ་རུ་སུའི་2030ལོའི་བར་གྱི་བཟའ་བཅའི་བདེ་འཇགས་ཡག་ཏུ་གཏོང་བའི་འཐབ་ཇུས”ཐོག་མིང་རྟགས་བཀོད་ཡོད། བྱེད་ཐབས་དེའི་དམིགས་ཡུལ་ནི་ལྟ་སྐུལ་དོ་དམ་སྒྲོམ་གཞི་དང་སྤུས་ཚད་ལྟ་སྐུལ་ཚོད་འཛིན་མ་ལག་ལེགས་སུ་བཏང་སྟེ་གཅིག་གྱུར་གྱི་ཆ་འཕྲིན་མ་ལག་བཟོས་ནས་འཛད་སྤྱོད་པས་བཟའ་བཅའི་གྲུབ་ཆ་སྔར་བས་གསལ་རྟོགས་ཐུབ་པ་བྱ་ཆེད་རེད།
         ཨུ་རུ་སུའི་ཙུང་ལི་གཞོན་པ་ཏེ་ཝོའར་ཁོ་ཝེ་ཆི་ཡིས་དེ་ཉིན་སྨྱན་སྦྱོར་ལ་ངོ་སྤྲོད་བྱས་དོན། བདེ་འཇགས་འཐབ་ཇུས་ཀྱིས་སྦྱོར་རྟ་དང་། བཟའ་བཅའི་གྲུབ་ཆ། བཟོ་རྩལ་བཅས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཨུ་རུ་སུའི་དམངས་ཚོགས“བློ་བདེ་པོའི་ངང་ཟས་ཟ་རྒྱུ་ཡོང་བ”བྱ་རྒྱུ་རེད། བདེ་འཇགས་འཐབ་ཇུས་ཀྱི་དམིགས་ས་དེ་མིག་སྔའི་ཨུ་རུ་སུའི་དཀར་ཆུའི་ཐོན་རྫས་ཀྱི་གྲུབ་ཆ་རྫུན་བཟོའི་རྩོད་གཞི་དང་མཉམ་དུ་འཁེལ་བ་དེ་ལས་ཨུ་རུ་སུའི་སྲིད་གཞུང་གིས་དཀར་ཆུའི་ཐོན་རྫས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་གང་ལེགས་མཚོན་ཡོད།
         འདི་ལོའི་ཟླ་3ཚེས་17ཉིན་ཨུ་རུ་སུའི་ཝོ་ལུའོ་ནེ་རི་ཀྲོའུ་ཡི་ཀྲོའུ་ཀྲང་ཨུ་རུ་སུ་སྲིད་གཞུང་གི་ཞིང་ལས་པུའུ་ཀྲང་ཟུར་པ་ཀེའར་ཅེ་ཡེ་ཕུའུ་ཡིས་མེ་ཏེ་ཝེ་ཅེ་ཕུའུ་ལ་འཕྲིན་ཡིག་བསྐུར་ཏེ་ཨུ་རུ་སུའི་དཀར་ཆུའི་ཐོན་རྫས་ལ་ལྷད་བཏང་བའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་སླེབས་ཡོད། དཀར་ཆུའི་ཐོན་རྫས་ཀྱི་གྲུབ་ཆའི་བཅུ་ཆ་གཅིག་ནས་གཉིས་བར་ལ་རྫུན་བཟོའི་སྣང་ཚུལ་ལྡན་པ་མ་ཟད། དཀར་ཆུའི་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆའང་རྫུན་བཟོ་བྱས་ཡོད་ཅེས་ཐ་ཚིག་བསྒྲགས་པས་མེ་ཏེ་ཝེ་ཅེ་ཕུའུ་ཡིས་འཕྲལ་དུ་ཞིབ་བཤེར་བྱེད་དགོས་པའི་བཀའ་བཏང་བ་རེད།
         ཟླ་6པའི་ཟླ་མཇུག་ཏུ། ཨུ་རུ་སུའི་སྲོག་ཆགས་དང་རྩི་ཤིང་ཞིབ་དཔྱད་ཞིབ་བཤེར་ཅུས་ཀྱིས་གཞུང་ཕྱོགས་དྲ་ཚིགས་ཐོག་སྙན་ཞུ་སྤེལ་ཏེ་ཨུ་རུ་སུའི་ཚོང་པ་ཐ་ཤལ་གྱིས་སྤུས་ཞན་སྤུས་ལེགས་སུ་བརྫུས་པ་དང་རྫུས་མ་ངོ་མར་བརྫུས་པའི་གཡོ་ཐབས་དམར་རྗེན་དུ་བཏོན་ཡོད། སྙན་ཞུའི་ནང་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་ཚོང་པ་མི་ཉུང་བ་ཞིག་གིས་འོ་མ་དང་། ཕྱུར་བ། མར། ཞོ་སོགས་དཀར་ཆུའི་ཐོན་རྫས་ཀྱི་གྲུབ་ཆར་གང་འདོད་དུ་རྫུན་བཟོ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         སྒྲིག་གཞི་དེས་བསྡོམས་རྩིས་བྱས་པར་གཞིགས་ན། 2015ལོར་ཨུ་རུ་སུའི་ཁྲོམ་རའི་ཐོག་ཕྱིར་ཚོང་བྱེད་པའི་དཀར་ཆུའི་ཐོན་རྫས་ཁྲོད་ཀྱི་11%ནང་རྩི་ཤིང་གི་ཞག་ཚི་བསྲེས་ཡོད་པ་དེ་ཐོན་རྫས་རྫུན་ཞན་ཁོངས་སུ་གཏོགས་ནས་2014ལོ་ལས་བརྒྱ་ཆའི་གྲངས་3འཕར་ཡོད། དཀར་ཆུའི་ཐོན་རྫས་ཀྱི་རིགས་ཁ་ཤས་ནང་ཚད་མ་ལོན་པའི་བསྡུར་ཚད་40%དང་ཐ་ན་ཕྱེད་ཀ་ཙམ་ཟིན་གྱི་ཡོད། ལས་རིགས་དེའི་སྨན་སྦྱོར་གྱི“འོ་མའི་གསར་འགྱུར”ཐོག་སྔོན་དཔག་བྱས་པར་འདི་ལོ་ཨུ་རུ་སུའི་དཀར་ཆུའི་ཐོན་རྫས་རྫུན་ཞན་གྱི་བཟུང་ཚད་5%ནས་7%བར་འཕར་རྒྱུ་ཡིན་པ་རེད།
         ཨུ་རུ་སུའི་རང་ཚུགས་སྨྱན་སྦྱོར་《ཧྥུང་ཐན་ག་ཚགས་པར་》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚགས་པར་ཁང་དེའི་གསར་འགོད་པས་ཧྲེང་པི་ཏེ་པའོ་ཡི་སྐོར་སྐྱོད་ཟོག་སྒྲོམ་ནས་སྟོང་ཁེ་རེར་ལུའུ་པུའུ་སྒོར་110ཡི་གོང་ཚད་ཐོག་ནས་ཕྱུར་བ་རིགས་གཉིས་ཉོས་པ་དང་ཚ་པོ་བཟོས་པ་བརྒྱུད་ཕྱུར་བ་རིགས་གཅིག་ནས་འཕྲལ་དུ་དུ་བ་འཕྱུར་བ་དང་སྦྲགས། འགྱིག་དྲི་ཁ་ཡི་ཡོད། ཕྱུར་བ་རིགས་གཞན་དེ་སྣུམ་དང་འདྲ་བའི་གཤེར་གཟུགས་ནག་པོ་ཞིག་ལྟར་བཞུར་བ་དང་དེ་རྗེས་མེ་འབར་གྱི་འདུག
         མེ་ཏེ་ཝེ་ཅེ་ཕུའུ་ཡིས་བཟའ་བཅའི་བདེ་འཇགས་འཐབ་ཇུས་ལ་མིང་རྟགས་མ་འགོད་གོང་། ཨུ་རུ་སུའི་དཔོན་རིགས་མང་པོ་ཞིག་གིས་ཡོངས་བསྒྲགས་ངང་དཀར་ཆུའི་ཐོན་རྫས་རྫུས་མར་ངོ་རྒོལ་བྱས་ནས་དམངས་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་ཤིང་། ཨུ་རུ་སུའི་ཙུང་ལི་གཞོན་པ་ཀེ་ལུའོ་ཅེ་ཚེ་ཡིས“དཀར་ཆུའི་ཐོན་རྫས་རྫུས་མ་ཡིན་ཕྱིན་ཕྱིར་ཚོང་བྱེད་མཚམས་འཇོག་དགོས། ཚབ་བྱེད་ཐོན་རྫས་ཀྱིས་འདྲ་བཟོ་གཏན་ནས་བྱེད་མི་རུང”ཞེས་བཤད། ཙུང་ལི་གཞོན་པ་ཏེ་ཝོའར་ཁོ་ཝེ་ཆི་དང་ཨུ་རུ་སུའི་ཞིང་ལས་པུའུ་ཀྲང་ཐེ་ཁ་ཆའོ་ཕུའུ་སོགས་ཀྱིས་དཀར་ཆུའི་ཐོན་རྫས་ཀྱི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཏེ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་དཀར་ཆུའི་ཐོན་རྫས་རྫུས་མ་ཁྲོམ་ར་ནས་གཙང་སེལ་ཧུར་ཐག་བྱ་རྒྱུའི་ཁས་བླངས་པ་རེད།
         ཨུ་རུ་སུའི་དམངས་ཚོགས་ཁག་གཅིག་གིས་སྲིད་གཞུང་གི་དཀར་ཆུའི་ཐོན་རྫས་བདེ་འཇགས་སྲུང་སྐྱོབ་བྱ་ཐབས་ལ་དགའ་བསུ་ཞུས་ཤིང་། གསར་འགྱུར་སྒྲིག་གཞིའི་ལས་མི་པ་ཅ་ལིན་ན་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུར་བཀག་སྡོམ་བྱེད་པའི་ཤུགས་རྐྱེན་ཐེབས་ནས་མིག་སྔར་དཀར་ཆུའི་ཐོན་རྫས་མང་པོ་ཞིག་ནང་འདྲེན་བྱེད་པ་ནས་ས་ཆ་དེ་རང་ངམ་ཡང་ན་བྷེ་ཨུ་རུ་སུ་ནས་ཐོན་སྐྱེད་བྱེད་པར་གྱུར་ཡོད། སྲིད་གཞུང་གི་ལྟ་སྐུལ་དོ་དམ་གནད་ལ་འཁེལ་བ་དང་ནུས་ཤུགས་ཆེན་པོས་ཁེ་ལས་ངན་པར་ཆད་པ་བཅད་ན་ཨུ་རུ་སུའི་དམངས་ཚོགས་ཀྱིས་རང་རྒྱལ་གྱི་དཀར་ཆུའི་ཐོན་རྫས་ལ་སྔར་བཞིན་ཡིད་ཆེས་ཀྱིས་ཁེངས་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།