འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པའི་གསར་རྩོམ་ལྷ་མོའི་འཁྲབ་གཞུང་པེ་ཅིན་དུ་འཁྲབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་25ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པའི་གསར་རྩོམ་ལྷ་མོའི་འཁྲབ་གཞུང་པེ་ཅིན་དུ་འཁྲབ་པ།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་གསར་རྩོམ་བྱས་པའི་ལྷ་མོའི་འཁྲབ་གཞུང་ཆེ་གྲས་རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པ་དེ་སྤྱི་ཚེས་༢༤ཉིན་གྱི་དགོང་མོའི་ཆུ་ཚོད་༧དང་ཕྱེད་ཀའི་ཐོག་པེ་ཅིན་ཁྲང་ཨན་ཟློས་གར་ཁང་ཆེན་མོར་འཁྲབ་སྟོན་ཐེངས་དང་པོ་བྱས་ཡོད་པ་རེད།
         གསར་རྩོམ་ལྷ་མོ་རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པ་དེ་ནི་བོད་རྙིང་པའི་སྐབས་ཀྱི་མངའ་བདག་ཅིག་གི་གཞིས་ཀའི་ནང་བྱུང་བའི་གཏམ་རྒྱུད་ཅིག་ཡིན། དེ་ཡང་ཞིང་བྲན་ཡིན་པའི་བུ་མོ་པད་སྒྲོན་མ་གཞི་དབུལ་ཕོངས་ཞིག་ཡིན་ཡང་།  གཤིས་རྒྱུད་བཟང་ལ་ཁམས་བཞིན་དྭངས་བ་དང་།  ལས་ལ་བརྩོན་ཞིང་བབ་ཆགས་པ། སྒྲ་སྙན་དང་གླུ་གར་ལ་མཁས་པར་བརྟེན།  གཞིས་ཀའི་སྲས་སྐུ་ཞབས་ནས་པད་སྒྲོན་མཐོང་མ་ཐག་སེམས་པ་ཤོར་ནས།  རྒྱུན་དུ་སྒྲ་སྙན་སློབ་སྦྱོང་ལ་ཁ་གཡར་ཏེ་རྟག་ཏུ་ཁོང་མོའི་སར་བསྐྱོད་ཀྱི་ཡོད།  དེ་ལྟར་ཡུན་རིང་མཉམ་དུ་གཤིབ་པའི་དབང་གིས་བརྩེ་དུང་ཟབ་ཏུ་ཕྱིན་པ་དང་། ཁོང་གཉིས་བར་གྱི་བརྩེ་སེམས་དེ་ཕན་ཚུན་ཡིད་སྨོན་བྱེད་པ་ནས་འགྱུར་མེད་རྡོ་རྗེའི་བྲག་ལྟར་བརྟན་པར་གྱུར།  འོན་ཀྱང་གཞིས་དཔོན་གྱིས་གནས་ཚུལ་དེ་ཤེས་འཕྲལ་ཁོང་ཁྲོ་ཆེན་པོ་ལངས་ཏེ། གཞིས་བདག་གིས་བཙན་དབང་གིས་སྲས་སྐུ་ཞབས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་བཏང་བས།  བརྩེ་དུང་ཟབ་པའི་མི་གཉིས་སོ་སོར་ཁ་གྱེས་དགོས་བྱུང་ཡོད།  དེ་ནས་བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བསྟུན་ནས། ཡར་ལངས་ཞིང་བྲན་རྣམས་ལ་རང་ཁྱིམ་རང་བདག་བྱུང་བར་བརྟེན་པད་སྒྲོན་ཡང་རང་ཉིད་ཀྱི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།  དུས་རབས་༢༠པའི་ལོ་རབས་༧༠འི་དུས་མཇུག་ཏུ་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་གངས་ལྗོངས་ས་མཐོར་ལྡང་བ་དང་སྲིད་ཇུས་བཟང་པོའི་ཉི་འོད་གངས་ལྗོངས་ས་མཐོར་འཕྲོས་ནས་དམངས་ལ་ཕན་བདེ་བསྐྲུན་པ་དང་།   ཏང་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག  པད་སྒྲོན་གྱིས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚོའི་སྣེ་ཁྲིད་དེ་ཕ་ཡུལ་དུ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས་ནས། དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
         མེས་རྒྱལ་ཉིན་བཞིན་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་བསྟུན་ནས་བོད་ལྗོངས་ལའང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། དེ་དག་ཐམས་ཅད་ཀྱིས་ཕྱི་རྒྱལ་ལ་བཞུགས་པའི་བོད་རིགས་སྤུན་ཟླའི་ཡིད་དབང་བཀུག་ཅིང་། དཔྱིད་ཀྱི་དཔལ་ཡོན་བཞད་པའི་སྐབས་ཤིག་ལ་ཡུན་རིང་ཕྱི་རྒྱལ་དུ་འཚོ་སྡོད་བྱས་པའི་སྲས་སྐུ་ཞབས་ལ་མེས་རྒྱལ་གྱི་པང་དུ་ལོག་པའི་གོ་སྐབས་ཐོབ་པ་མ་ཟད་ལོ་མང་ཁ་བྲལ་བའི་པད་སྒྲོན་དང་མཉམ་འཛོམས་བྱུང་ནས་བཟུང་མི་ཚེའི་ལམ་བུ་གསར་པ་ཞིག་གི་ཐོག་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་འགོ་ཚུགས་ཡོད།
         རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པའི་འཁྲབ་གཞུང་ནང་། ཞིང་བྲན་བདག་པོའམ་འཁྲབ་གཞུང་གི་མི་སྣ་གཙོ་བོ་པད་སྒྲོན་གྱི་དོན་དངོས་འཚོ་བ་བརྒྱུད།  བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ངལ་རྩོལ་མི་དམངས་ཀྱི་ཉམ་ཐག་ལས་དབང་མངོན་པ་དང་། ཏང་གི་ཡང་དག་པའི་དབུ་ཁྲིད་འོག་མང་ཚོགས་རྣམས་ལ་རང་ཁྱིམ་རང་བདག་བྱུང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་འབད་འཐབ་སྙིང་སྟོབས་ལ་བསྟོད་གླུ་བླངས་ཡོད་པ་རེད།
         གསར་འགོད་པས་གསར་རྩོམ་ལྷ་མོའི་འཁྲབ་གཞུང་དེའི་ཐད་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་ཡོད། དེ་ཡང་བོད་ལྗོངས་ལྷ་མོ་ཚོགས་པའི་ལྷ་མོའི་འཁྲབ་གཞུང་རྩོམ་པ་པོ་ཕུར་ཆུང་ལགས་ཀྱིས་ཐེངས་འདིའི་གསར་རྩོམ་ལྷ་མོའི་འཁྲབ་གཞུང་རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པའི་སྐོར་གླེང་སྐབས། གསར་རྩོམ་ལྷ་མོའི་འཁྲབ་གཞུང་དེ་དུས་ཡུན་ལོ་གཅིག་ཙམ་གྲ་སྒྲིག་བྱས་པ་དང་། དང་ཐོག་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་ཆེད་གྲ་སྒྲིག་བྱས་ཤིང་། དེ་དུས་བརྩམས་ཆོས་དེའི་མིང་ལ་རྡོག་གཞོང་གི་དཔྱིད་ཀ་ཞེས་མིང་བཏགས་ཏེ་གསར་རྩོམ་བྱས་པ་ཡིན། ད་བར་སྔ་ཕྱིར་ཁྱོན་བསྡོམས་བཟོ་བཅོས་ཐེངས་དགུ། བཅུ་ཙམ་བརྒྱབ་པ་དང་། ད་རེས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཚན་ཚོགས་ལ་ཞུགས་དུས་མཁས་དབང་རྣམས་ཀྱིས་མིང་དེ་བསྒྱུར་ནས་སྒྲ་སྙན་དང་འབྲེལ་བ་དམ་ཟབ་བྱས་ཏེ།  སྒྲ་སྙན་དེ་འཁྲབ་ཚན་དང་པོ་འགོ་བཙུགས་པ་ནས་མཇུག་མ་འགྲིལ་བར་རྒྱུན་འཁྱོངས་བྱུང་ན་ཧ་ཅང་ཡག་པོ་ཡོད་པའི་གྲོས་འགོ་བཏོན་པ་བརྒྱུད། འཁྲབ་གཞུང་གི་མིང་དེ་རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པར་བསྒྱུར་ཡོད།  དེས་འཁྲབ་གཞུང་ཧྲིལ་པོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་དང་།
         ཁོང་གིས་དང་ཐོག་རང་ཉིད་ནས་བོད་ལྗོངས་ཀྱི་སྐད་གྲགས་ཡོད་པའི་རྩོམ་པ་པོ་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་བརྩམས་གནང་བའི་རྒྱུད་སྐུད་སྟེང་གི་རྣམ་ཤེས་ཞེས་པའི་སྒྲུང་དེབ་ལྟ་ཀློག་བྱས་པ་བརྒྱུད་བག་ཆགས་ཟབ་མོ་བྱུང་ནས་རང་ཉིད་དངོས་སུ་གཙང་ཁུལ་དུ་བརྩམས་ཆོས་འཚོལ་བསྡུ་བྱེད་སྐབས་གཙང་ཁུལ་དུ་སྐད་གྲགས་ཆོད་པ་དང་མི་མང་པོའི་ངག་རྒྱུན་དུ་གྲགས་པའི་ལྷ་ཞོལ་བྱེ་མའི་དཀྱིལ་ལ། །བུ་མོ་སྣ་མིན་སྣ་ཚོགས། །རྡོག་ལོ་ལ་མོ་རྒྱག་མཁན། །པད་སྒྲོན་གཅིག་པུ་རེད་འདུག་ཅེས་པའི་དམངས་གཞས་དེ་ཐོས་སྐབས་བུ་མོ་དེ་གཅིག་ནས་མཛེས་པོ་ཡོད་པ་དང་གཉིས་ནས་སྒྲ་སྙན་དཀྲོལ་གཏོང་བྱ་རྒྱུར་མཁས་པོ་ཡོད་པ།  གསུམ་ནས་ལུང་པ་ཁོ་རང་ལ་སྐད་གྲགས་ཡོད་པ་བཅས་སྐུལ་སློང་གཉིས་དང་། གསུམ་པ་དེ་སྤྱི་ཚོགས་རྙིང་པ་དང་གསར་པ་བསྡུར་བ་བྱས་ཏེ་གསར་རྩོམ་བྱེད་ཐུབ་པ་ཡིན་ན་ཡག་པོ་ཡོང་ངེས་སྙམ་ནས།  ངས་དེབ་དེ་བེད་སྤྱད་ནས་མདུན་གྱི་འཁྲབ་ཚན་དུམ་བུ་གསུམ་བྲིས་པ་དང་གཤམ་གྱི་དུམ་བུ་གསུམ་ཆ་ཚང་གསར་རྩོམ་བྱས་པ་ཡིན་ཞེས་གསུངས་ཡོད་པ་རེད།
         བོད་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ། གསར་རྩོམ་ལྷ་མོའི་ཟློས་གར་འཁྲབ་གཞུང་ཆེ་གྲས་དེའི་ནང་གི་བུད་མེད་མི་སྣ་གཙོ་བོ་འཁྲབ་མཁན་མེ་ཏོག་ལགས་ཀྱིས། ངས་གསར་རྩོམ་འཁྲབ་གཞུང་དེའི་ནང་གི་བུ་མོ་པད་སྒྲོན་ཟེར་བ་དེ་ལོ་ཆུང་དུས་ནས་ལོ་༧༠ཙམ་ལ་སླེབས་པའི་བར་གྱི་མི་སྣ་ཞིག་འཁྲབ་པ་ཡིན།  ང་རང་ངོས་ནས་བཤད་ན་ལས་ཀ་བྱས་ཏེ་ལོ་སུམ་ཅུ་ལྷག་འགྲོ་གི་ཡོད་རུང་།   ད་བར་ལོ་ཆུང་ཆུང་གི་བུ་མོ་འཁྲབ་པ་ཉུང་ཉུང་ཡིན།  དེར་བརྟེན་ལོ་ཆེན་པོ་སླེབས་དུས་དཀའ་ངལ་ཆེ་ཤོས་ནི་པད་སྒྲོན་ལོ་ཆུང་དུས་སྐབས་འཁྲབ་སྟོན་བྱ་རྒྱུ་དེ་རེད་འདུག  དཔེར་ན་འཁྲབ་སྐྱེལ་དང་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཆུང་དུས་ཀྱི་རྣམ་པ་དང་བསྟུན་དགོས་ཀྱི་ཡོད་པས་དེའི་ཐད་སློབ་སྦྱོང་བྱེད་པའི་གོ་སྐབས་ཡག་པོ་ཞིག་བྱུང་ཞེས་བསྟན་ཡོད་པ་རེད།
         གསར་རྩོམ་ལྷ་མོའི་འཁྲབ་གཞུང་རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པ་པེ་ཅིན་དུ་འཁྲབ་སྟོན་བྱེད་རིང་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་དང་། འབྲེལ་ཡོད་ཆེད་ལས་མི་སྣ་དང་གཟིགས་མོ་བའི་གདེང་འཇོག་དང་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད།
         དེ་ཡང་པེ་ཅིན་གྱི་ལྟས་མོ་བ་སྐུ་ཞབས་ཀའོ་ཝེ་ཆང་ལགས་ལ་བཅར་འདྲི་ཞུས་པར་ཁོང་གིས།  བོད་ཀྱི་ལྷ་མོའི་འཁྲབ་ཚན་ངས་དེ་སྔོན་ཡང་ལྟ་མྱོང་ཡོད།  ཡིན་ནའང་རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པའི་འཁྲབ་གཞུང་དེ་ལྟས་རྗེས་ མྱོང་ཚོར་བྱུང་འཁྲབ་གཞུང་དེས་སྲོལ་རྒྱུན་གྱི་ལྷ་མོའི་ཟློས་གར་དང་དེང་དུས་ཀྱི་མཛེས་འཆོས་དགོས་མཁོ་གཉིས་ཟུང་འབྲེལ་བྱས་འདུག   རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པ་དེ་ཁུངས་སྣེར་བྱས་ཏེ་འཁྲབ་གཞུང་དང་འཁྲབ་འཁྲིད།  གར་སྟེགས་ཀྱི་མཛེས་རྩལ་སོགས་འཆར་འགོད་ཧ་ཅང་ཡག་པོ་བྱས་འདུག   ལྷག་པར་དུ་མི་སྣ་གཙོ་བོ་པད་སྒྲོན་འཁྲབ་མཁན་གྱི་འཁྲབ་སྟོན་པས་ལོ་༡༦གི་གཞོན་ནུ་མ་ཞིག་ནས་ལོ་༨༠ལྷག་བར་གྱི་རྒན་རྒོན་ཞིག་གསོན་ཉམས་དོད་པོའི་སྒོ་ནས་ལྟས་མོ་བ་ཚོར་མངོན་མཚོན་བྱས་འདུག   ལྟས་མོ་བལྟ་བའི་བརྒྱུད་རིམ་ནང་ང་རང་ཡང་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ཆུ་ཡང་དབང་མེད་དུ་ཤོར་བྱུང་།   མ་ཟད་ལྷག་པར་དུ་ན་གཞོན་བརྩེ་གྲོགས་གཉིས་ལས་དབང་གི་རྐྱེན་པས་ཐོག་མར་ཁ་བྲལ་དགོས་བྱུང་བ་ལས་མཐའ་མཇུག་མཉམ་འཛོམས་བྱུང་བའི་བརྒྱུད་རིམ་དེ་མི་སེམས་འགུལ་བ་ཞིག་འདུག   གཞན་ཡང་བོད་ལྗོངས་ནི་ལོ་མང་རིང་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག  བོད་ཀྱི་ལྷ་མོའི་ཟློས་གར་དེ་ཡང་རྒྱུན་འཛིན་དང་གོང་འཕེལ་གང་ལེགས་བྱུང་ཡོད་པས།  ང་ཚོར་དེ་རིང་གི་རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པའི་གསར་རྩོམ་ལྷ་མོའི་འཁྲབ་གཞུང་དེ་འདྲ་ལྟ་རྒྱུ་བྱུང་བ་རེད།   དེས་མ་ཟད་ལྷ་མོའི་ཟློས་གར་དེ་མཇུག་སྒྲིལ་མཚམས་སུ་ལྟས་མོ་བ་ཚོས་དུས་ཡུན་སྐར་མ་བཅོ་ལྔ་ལྷག་གི་དགའ་བསུ་ཞུས་པ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་འཁྲབ་ཚན་དེ་ཡང་རྒྱལ་ཁའི་ངང་མཇུག་སྒྲིལ་སོང་བས་སེམས་འགུལ་ཐེབས་དགོས་པ་ཞིག་འདུག   མ་ཟད་ད་ལོའི་ཚུན་དུ་ཆེས་ཕུལ་དུ་བྱུང་བའི་ས་གནས་ཟློས་གར་ཞིག་རེད་ཅེས་བཤད་ནའང་ཆོག་གི་འདུག  ང་ཚོའི་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་དུས་མཚུངས་སུ་འཁྲབ་ཚན་དེ་བརྒྱུད་ངས་ཀྱང་བོད་ཀྱི་ལྷ་མོའི་ཟློས་གར་གྱི་སྔོན་ཆད་དང་ད་ལྟ།  མ་འོངས་བཅས་ལ་གདེང་ཚོད་བྱུང་ཞེས་བསྟན་ཡོད་པ་རེད། ༼ཀྲུང་གོའི་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་མཚམས་གཅོད་ནས་སྤེལ་བའི་གནས་ཚུལ། ༽
    ༄༅།།རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པའི་གསར་རྩོམ་ལྷ་མོའི་འཁྲབ་གཞུང་པེ་ཅིན་དུ་འཁྲབ་པ།
    ༄༅།།རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པའི་གསར་རྩོམ་ལྷ་མོའི་འཁྲབ་གཞུང་པེ་ཅིན་དུ་འཁྲབ་པ།
    ༄༅།།རྒྱུད་སྐུད་སྟེང་གི་ལས་དབང་ཞེས་པའི་གསར་རྩོམ་ལྷ་མོའི་འཁྲབ་གཞུང་པེ་ཅིན་དུ་འཁྲབ་པ།
      

    ཕྱོགས་བསྡུས་གསར་འགྱུར།